ཉེ་བའི་ཉིན་3རིང་ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱིས་སྒོར་ཁྲི་16བཏང་ནས་རིམས་འགོག་ལས་ཀར་རོགས་སྐྱོབ་བྱས།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-02-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཟླ་2པའི་ཚེས་8ཉིན་གྱི་སྔ་དྲོར། ཏོག་དབྱིབས་ནད་དུག་གསར་བས་རང་རྒྱལ་གྱི་ས་ཆ་སོ་སོའི་མི་ལུས་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པ་དང་སྔོན་འགོག་གི་གནད་དུས་སྐབས་ཀྱི་དགོར་མཁོར་དམིགས་ནས། ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱི་ཚོགས་གཙོ་ཧོ་ཧུང་གིས་ཕུན་ཚོགས་བཀྲ་ཤིས་དང་། མེ་ལོང་སོགས་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྔ་ཁྲིད་དེ་ཁ་རས་8000དང་84རྟགས་མའི་དུག་སེལ་གཤེར་ཁུ་རྒྱ་མ་300། ཧུང་ཡོན་རྫོང་གི་ཏོག་དབྱིབས་ནད་དུག་འགོག་པར་ཁ་གཏད་པའི་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གི་མི་སྣའི་ལག་ཏུ་བསྐྱལ་བ་རེད།

          རིམས་ནད་ཐོན་པ་ནས་བཟུང་ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱིས་ཧུང་ཡོན་རྫོང་གི་ཏོག་དབྱིབས་ནད་དུག་གསར་པ་འགོག་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སེམས་ཁྲལ་ཆེན་པོ་བྱས་ཏེ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ཏུ་སྐུལ་སློང་བྱེད་པ། ཚོགས་མིའི་ཁེ་ལས་ཀྱིས་ཕྱོགས་མང་པོའི་ཐད་ནས་དངོས་ཟོག་གྲ་སྒྲིག་བྱ་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་ནན་མོ་བྱས་ནས་ཧུང་ཡོན་རྫོང་གི་རིམས་ནད་འགོག་བཅོས་ལ་རོགས་སྐྱོར་བྱས། 

          དེ་མིན་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་6ཉིན་ནས་ཟླ་2ཚེས་8ཉིན་བར་གྱི་ཉིན་གསུམ་ནང་ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱི་ཁྱོན་ལམ་ཐག་སྤྱི་ལེ་1000ཙམ་ལ་ཉེ་བ་ཡོད་པའི་ཧུང་ཡོན་རྫོང་ཁོངས་ཀྱི་ཡུལ་གྲོང་11དང་། དགོན་སྡེ་6། འཕྲོད་བསྟེན་རིམས་འགོག་ཞིབ་བཤེར་ས་ཚིགས་5། བདེ་འཇགས་ཞབས་ཞུའི་ས་ཚིགས་3། རྫོང་རིམ་པའི་སྨན་བཅོས་ཞབས་ཞུའི་ལས་ཁུངས་4།  སྒེའུ་ཁང་ཞབས་ཞུའི་ཁེ་ལས་2དང་ཁོར་ཡུག་འཕྲོད་བསྟེན་ལས་ཀ་བའི་ཞབས་ཞུ་ས་ཚིགས། ད་རུང་རྫོང་མཁར་གྱི་རྒན་གསོ་ཁང་དང་། གསེར་དེའུ་གྲོང་རྡལ་གྱི་འགན་ལེན་ལྔའི་སྡོད་ཁུལ་སོགས་སུ་སོ་སོར་བསྐྱོད་དེ་རིན་ཐང་སྒོར་ཁྲི་16གི་སྨན་སྤྱོད་ཁ་རས་དང་། དུག་སེལ་གཤེར་ཁུ། སྟབས་བདེའི་ཐུག་པ། ཟོག་ཤ་སྐམ་པོ། འོ་ཕྱེ། འོ་མ་སོགས་ཀྱི་ཉེར་མཁོའི་དངོས་ཟོག་འཐབ་ས་དང་པོར་རིམས་ནད་འགོག་པའི་ལས་ཀར་འབད་བཞིན་པའི་མི་སྣའི་ལག་ཏུ་བསྐྱལ་ནས་ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས།

           ཧུང་ཡོན་རྫོང་མཁར་གྱི་ཁོར་སྲུང་ལས་ཀ་བ་ཚེ་དབང་རིག་འཛིན་གྱིས་ཧ་ཅང་དགའ་སྣང་གི་ངང་ནས། ཧུང་ཡོན་ཚོང་ཚོགས་ཀྱིས་འདི་ལྟར་ང་ཚོར་འཚམས་འདྲི་གནང་བ་ཡིད་ལའང་མ་འཁོར། ངོ་མ་ཐུགས་རྗེ་ཆེ། ང་ཚོས་ཚང་མའི་ཐུགས་ཁུར་དང་རྒྱབ་སྐྱོར་ཆུད་ཟོས་སུ་གཏན་ནས་མི་གཏོང་བར་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་དང་། གྲོང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་རིམས་ནད་འགོག་རྒོལ་ལ་འབད་བརྩོན་ཧུར་ཐག་བྱ་ངེས་ཅེས་བཤད་བྱུང་།

            ཐེངས་འདིའི་འཚམས་འདྲིའི་ལས་ཀའི་ཐད། ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱི་ཚོགས་གཙོ་ཧོ་ཧུང་གིས་ཧུང་ཡོན་ནི་ང་ཚོ་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཡིན་པས། རིམས་ནད་འགོག་པའི་ལས་དོན་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མི་རེ་རེར་འབྲེལ་བ་ཡོད། ཚང་མས་ཕྱར་བ་གྲུ་འདེགས་དང་། མི་བརྒྱ་སེམས་གཅིག་གི་སྟོབས་ཤུགས་མཉམ་འབུལ་བྱས་ཚེ།  གཞི་ནས་རིམས་ནད་འགོག་པའི་ལས་དོན་ཡག་པོ་འགྲུབ་ནས་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱ་ཐུབ་ཅེས་བཤད། ཐེངས་རྗེས་མར་ཁྲེང་ཏུའུ་ཧུང་ཡོན་ཚོང་ཚོགས་ཀྱིས་ཧུང་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག ཚོང་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལས་རིགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་ནན་མོ་བྱས་ཏེ་དངོས་ཟོག་དཀོན་པའི་རིགས་གྲ་སྒྲིག་དང་བསྡུ་རུབ།  སྐྱེལ་འདྲེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་སྔོན་འགོག་ཐད་བྱ་ཆེད་ཧུང་ཡོན་ཚོང་ཚོགས་ཀྱི་མི་སྣས་འབུལ་སྒྲུབ་འོས་པའི་ལས་ཀ་གང་ནུས་སྒྲུབ་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།