རིམས་ནད་གང་དུ་བྱུང་ཡོད་ན། ཏང་ཡོན་ལས་བྱེད་པ་དེ་རུ་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་སྐོར་གླེང་བ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-02-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                   ངེད་གསར་འགྱུར་ཁང་གི་དཔྱད་གཏམ་པས། རིམས་ནད་འགོག་པར། གུང་ཁྲན་ཏང་ཡོན་ངེས་པར་དུ་ཆེས་མདུན་དུ་ལངས་དགོས། ཉིན་ཤས་རིང་། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་དང་འཐབ་རྩོད་ཀྱི་བྱ་བར་ཞེ་འཁྲེང་ཡོད། གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་སྟོན་བྱེད་སྐབས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ནན་གྱིས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཙོ་གནད་ཁུལ་ལ་དམ་པོར་དམིགས་པ་དང་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་རིམས་ནད་མཆེད་པ་བཀག་འགོག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་འགན་ལེན་བྱེད་དགོས། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།》པར་འགྲེམས་བྱས་ནས། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་དཀའ་ངལ་མཉམ་སེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་འབོད་སྐུལ་བཏང་བ་རེད། དུ་རླུང་མེད་པའི་གཡུལ་ས་རུ་གུང་ཁྲན་ཏང་ཡོན་རེ་རེས་དཔའ་ངར་ཆེ་རུ་བསྐྱེད། དམག་འཐབ་ཀྱི་བཙན་རྫོང་རེ་རེ་འགྱིང་ངེར་རྩིག་ནས་ཏང་དར་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་བཙུགས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ནས་སེམས་འགུལ་ཚད་མེད་ཐེབས་པའི་སྙིང་སྟོབས་ཀྱི་གདངས་དབྱངས་རེ་རེ་གྱེར་ཡོད།   

                 རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ནི་འགན་འཁྲི་ཡིན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་མགྱོགས་མྱུར་མཆེད་པའི་མདུན་དུ་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རང་ངོས་ཀྱི་གཟི་བརྗིད་ཚོར་སེམས་དང་ལས་འགན་སྒྲུབ་སེམས་འཕེལ་བ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། གདོང་མཆོངས་ཀྱི་མིག་དཔེ་བཟང་པོ་བསྟན་ནས་བསམ་བློའི་གོ་རྟོགས་སྔར་བས་མཐོ་བ་དང་། འགན་འཁྲི་སྔར་བས་ཆེ་བ་འཁུར་བ། ལས་ཀའི་སྤྱོད་ཚུལ་སྔར་བས་ཏན་ཏིག་གི་ཐོག་ནས་ཏང་དར་ལ་གཟི་བརྗིད་བརྒྱན་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུ་མཐའ་འཁྱོངས་བ་བྱས།

                རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་པ་སྟེ། ཏང་ཡོན་ལས་བྱེད་པས་མྱུར་དུ་སྐུལ་སློང་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བྱུང་། རིམས་ནད་ལ་འགོག་རྒོལ་བྱེད་པ་ནི་དུས་ཚོད་དང་དབར་གྱི་རྒྱུག་འགྲན་ཞིག་ཡིན་པས། དུས་ཚོད་སྐད་ཅིག་ཙམ་ལའང་འགོར་འགྱངས་བྱེད་མི་རུང་ལ། སྐད་ཅིག་ཙམ་ལའང་ལྷོད་གཡེང་བྱེད་མི་རུང་། དམིགས་བསལ་གྱི་འཐབ་འཛིང་འདིའི་ཁྲོད་དུ། ག་ས་གང་དུ་གཡུལ་ས་དང་མི་ཚང་མ་འཐབ་འཛིང་བ་ཡིན། སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་བཙུགས་པ་ནས་སྨན་དོན་མི་སྣའི་ལས་ཚོགས་སྔ་སྣུར་དང་ཏང་ཡོན་སྔོན་ལ་ལས་གནས་སུ་སླེབས་པ །ཏང་ཡོན་དང་བླངས་པའི་རིམས་འགོག་ཤེས་བྱ་ཚན་རིག་ཁྱབ་གདལ་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རླུང་འཕྲིན་ནང་འབོད་སྐུལ་བྱས་པ་སོགས་གང་དུ་དགོས་མཁོ་ཡོད་ན་དེ་གར་ཏང་ཡོན་གྱི་གྲིབ་གཟུགས་མཐོང་རྒྱུ་ཡོད་པ་དང་དེ་གར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་ཐུབ། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ལས་གནས་བརྟན་སྲུང་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་ཧུར་ཐག་བྱས་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་གང་ལེགས་མངོན་ཞིང་། ཏང་ལ་བློ་དཀར་བ་དང་། མི་དམངས་ལ་དགའ་ཞེན་བྱེད་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་བརྟན་སྲུང་བྱེད་པ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གཡུལ་ས་རུ་མངོན་ཡོད་པས། གང་དུ་ལས་འགན་ལྕི་ན། དེ་རུ་ཏང་རྩ་འཛུགས་ཀྱི་ཞུམ་མེད་སྟོབས་ལྡན་གྱི་ལས་དོན་ཡོད་པ་དང་། དེ་རུ་ཏང་ཡོན་གྱིས་གདོང་ལེན་པ་བྱེད་པའི་མིག་དཔེ་ཡོད། གཡུལ་འགྲན་ཡི་གེ་རེ་རེ། ལག་ཐེལ་དམར་པོ་རེ་རེ། དམ་ཚིག་ནན་པོ་རེ་རེ། ཉེན་ཕྱོགས་སུ་བཞུད་མཁན་རེ་རེ་བཞིན་ཚང་མ་རྔ་བའི་སྟོབས་ཤུགས་ཀྱི་གསོན་ཉམས་དོད་པའི་མཚོན་བྱེད་དངོས་རེད། 

                 གདོང་ལེན་པ་བྱས་ནས་མིག་དཔེ་སྟོན་པ་སྟེ། ཏང་ཡོན་ལས་བྱེད་པས་གདོང་ལེན་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་མངོན་པར་བྱས་ཡོད།  ང་ཏང་ཡོན་ཡིན་པས་ངེས་པར་དུ་ལས་རེས་བྱེད་དགོས། ང་ནི་ཏང་ཡོན་ཞིག་ཡིན་པས་ངེས་པར་དུ་སྣེ་ཁྲིད་བྱེད་དགོས། ང་ཚོ་མང་ཙམ་རྒྱུག་ནས་ངལ་བ་མང་ཙམ་དང་དུ་ལེན་པ། མང་ཚོགས་ཀྱི་བློ་བདེ་བྱུང་ན་ད་གཟོད་ང་ཚོའི་བློ་བདེ་ཐུབ། དམིགས་བསལ་གྱི་དུས་སྐབས་འདིར་ང་རང་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ངུ་འབུལ་དགོས། ཞེས་པ་སོགས་ཉིན་ཤས་རིང་། འཐབ་ས་དང་པོར་གདོང་མཆོང་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་པའི་མཚོན་སྟངས་མཁྲེགས་པོ་དང་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་ལ་མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་ཁས་ལེན་བྱས་བྱུང་ལ། ལྷག་ཏུ་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་། ཉེན་ཁའི་དུས་སུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཕྱིན་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་གདོང་མཆོང་བྱས་ཚེ། ད་གཟོད་མི་སེམས་བརྟན་ལ་འཇགས་ཐུབ་པ་དང་། མི་སེམས་གཅིག་ཏུ་སྒྲིལ་ཐུབ་པ། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བསམ་བློ་གཏོང་བ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་ཆགས་ཐུབ་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཚེ། ད་གཟོད་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཐུབ། 

                 མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པ་སྟེ། ཏང་ཡོན་ལས་བྱེད་པས་ཛ་དྲག་ཆེ་བའི་ཁྲོད་མང་ཚོགས་ཀྱི་དགོས་མཁོ་དང་ཉེ་བར་བཅར་དགོས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དར་སྤེལ་གཏོང་གཞི་ཡིན་ལ། ཏང་ཡོན་ལ་ངེས་པར་དུ་འཛོམས་དགོས་པའི་གཞི་རྩའི་གཤིས་རྒྱུད་ཀྱང་ཡིན། ལུས་པོ་སྒུར་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ན། ཏང་ཡོན་ལས་བྱེད་པས་གཞི་ནས་མང་ཚོགས་ཀྱི་སེམས་པ་ལ་ལྷག་ཏུ་བཅར་ཐུབ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་ལྟ་སྟངས་འཛིན་པ་དང་། སྲིད་ཇུས་དྲིལ་བསྒྲགས་དུས་ཐོག་ཏུ་ཡག་པོ་བྱེད་པ། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་མང་ཚོགས་ཀྱི་དོགས་གཞི་སེལ་བ་དང་དངངས་སྐྲག་གི་བསམ་པ་མེད་པར་བཟོས་ཏེ། སྙིང་ཉེ་བའི་མི་ལེགས་པར་བྱེད་དགོས་ལ། སྲོག་རྩའང་ལེགས་པར་བྱེད་དགོས། མང་ཚོགས་ཀྱི་དོན་དུ་བསམ་བློ་མང་ཙམ་གཏོང་བ་དང་། ཉན་མཁན་ཡག་པོ་ཞིག་བྱེད་པ། སྔོན་འགོག་ཚོད་འཛིན་བྱེད་རིང་གི་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་འཚོ་བའི་ཁྲོད་འཁྱེར་ཡོང་བའི་སྟབས་མི་བདེ་བ་གང་ཐུབ་ཀྱིས་ཉུང་དུ་གཏོང་དགོས། ཡུལ་གྲོང་དང་། སྲང་ལམ། ལས་ཁུངས། སྡེ་ཁུལ་གྱི་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ལ་སྔར་བས་སྟབས་བདེ་དང་རོགས་རམ་བྱེད་པ་དང་། དཀའ་བ་སྤྱད་ནས་མང་ཚོགས་ཀྱི་བློ་སེམས་བདེ་རུ་བཅུག་སྟེ་དྲང་ནུས་སྔར་བས་མང་བོ་བརྒྱུད་སྤྲོད་བྱེད་དགོས། མང་ཚོགས་ཀྱིས་དོ་ཁུར་བྱེད་ས་གང་ཡིན་པ་དང་། མང་ཚོགས་ཀྱི་དགོས་མཁོ་གང་ཡིན་ན། ཏང་ཡོན་ལས་བྱེད་པས་ལས་ཀ་དེར་ཤུགས་རྒྱག་དགོས་ལ། ཐབས་ཇུས་དང་བཀོད་སྒྲིག་ཁག་ཞིབ་ཕྲའི་དོན་ཐོག་ཏུ་འཁྱོལ་ནས། ལས་དོན་མང་ཚོགས་ཀྱི་བློ་ལ་བབས་པར་བྱེད་དགོས།

                  འགག་རྩའི་དུས་སུ་གཏོང་ཕོད་པ་དང་འཁུར་ཐུབ་པ། བློས་ཐུབ་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རེད། ཉམས་སད་ཆེན་པོའི་མདུན་དུ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཚ་རླུང་ལྡང་བ་དང་མེ་ལྕེ་དྲག་པོ་བཞིན་བྱེད་ཕོད་པ་དང་། ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་དང་ཏན་ཏིག་ངང་དམ་འཛིན་ལེགས་པོ་བྱས་ན། ང་ཚོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོང་ལེགས་པོ་བྱེད་ཐུབ་ངེས་ལ། མཐར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀག་སྡོམ་དམག་འཐབ་འདི་ལས་རྒྱལ་ཁ་ལེན་ཐུབ་ངེས་སོ།།