བླ་བྲང་དགོན་པའི་རྒྱ་ལོའི་སྨོན་ལམ་འཚོག་རྒྱུ་མིན་པ།

རྩོམ་པ་པོ།   དུས་ཚོད།   2020-02-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         ཀྲུང་གོ་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་གསལ། ཟླ་༢པའི་ཚེས་༣ཉིན་བླ་བྲང་བཀྲ་ཤིས་འཁྱིལ་བོད་བརྒྱུད་ནང་བསྟན་དགོན་པའི་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱིས་གསར་འགོད་པར། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ། ད་ལོར་བླ་བྲང་དགོན་པས་རྒྱ་ལོའི་སྨོན་ལམ་འཚོག་རྒྱུ་མིན་པ་དང་། མི་མང་འདུས་ནས་ནད་ཡམས་ཕན་ཚུན་འགོ་བ་སྔོན་འགོག་དང་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་འདུག 

         ཁོང་གིས་ད་དུང་རྒྱ་ལོའི་སློན་ལམ་འཚོགས་པའི་དུས་ཚོད་ནི་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅུ་གསུམ་ནས་ཟླ་དང་པོའི་ཚེས་བཅུ་དྲུག་བར་ཡིན་ཞིང་། དེར“གོས་སྐུ་བཤམས་པ”དང་། “འཆམ།”“མེ་ཏོག་མཆོད་པ།”“བྱམས་པ་གླིང་སྐོར”སོགས་ཆོས་ལུགས་དུས་ཆེན་དང་དམངས་སྲོལ་བྱེད་སྒོ་ཚུད་ཡོད་པ་དང་། སྐབས་དེར་དམངས་ཚོགས་དང་། གྲྭ་པ། དད་ལྡན་མང་ཚོགས་སོགས་མི་ཐེངས་ཁྲི་10ལྷག་ཙམ་འདུ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་འདུག

        ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་ཁག་གཞུང་ཕྱོགས་ཀྱིས“རྒྱ་ལོའི་སྨོན་ལམ”འཚོགས་རྒྱུ་མིན་པའི་འབྲེལ་ཡོད་བརྡ་ཐོ་ཐབས་ལམ་མི་འདྲ་བར་བརྟེན་ནས་མང་ཚོགས་ལ་ཤེས་སུ་བཅུག་ཡོད་པ་དང་། དེ་དང་ཆབས་ཅིག་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་དྲ་མིག་ཅན་གྱི་དོ་དམ་བྱེད་འགོ་བཙུགས་ནས་དགེ་འདུན་པ་ཚང་མ་ཕྱིར་བསྐྱོད་མི་ཆོག་པའི་བརྡ་ཐོ་བཏང་བ་དང་། ས་ཆ་གཞན་གྱི་ཡུལ་སྐོར་བ་དགོན་པར་འཛུལ་མི་ཆོག་པར་བྱས་ནས་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

       བླ་བྲང་བཀྲ་ཤིས་འཁྱིལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པ་དང་། “རྒྱ་ལོའི་སྨོན་ལམ་འཚོགས་པའི”བྱེད་སྒོ་དེ་བླ་བྲང་དགོན་པ་བཙུགས་པ་ནས་བཟུང་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།

       གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། ཀན་སུའུ་ཡི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པ་རིམ་རྩིས་བྱས་ན་མི་51ཡོད་པ་རེད། དེའི་ནང་ཀན་ལྷོ་ཁུལ་ལ་ནད་པ་1ལས་མེད་ཀྱང་དེའི་འབྲེལ་གཏུག་གི་བརྒྱུད་རིམ་གསལ་པོ་ཤེས་མེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།