སློབ་མགོ་རྩོམ་པའི་དུས་ཚོད་ཕྱིར་འགྱངས་བྱས་འདུག

རྩོམ་པ་པོ།   དུས་ཚོད།   2020-01-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྔ་བ་ཁུལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་

རིམས་ནད་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་

བཀོད་འདོམས་པུའི་སྤྱི་བསྒྲགས། 

 (ཨང་3པ། ) 

     《2020ལོའི་དཔྱིད་གསར་དུས་ཆེན་གྱི་དགུན་གནང་རིང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》འི་དགོངས་དོན་དང་ཞིང་ཨུད་དང་ཁུལ་ཨུས་ཏོག་དབྱིབས་ནད་དུག་གསར་པ་འགོ་པར་ཁ་གཏད་གཅོག་པའི་གློ་ཚད་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཞིར་བཟུང་། ཁུག་ཡོངས་ཀྱི་ཏོག་དབྱིབས་ནད་གཞི་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ནས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་གྱི་བླང་བྱ་དོན་འཁྱོལ་བྱ་ཆེད། 

2020ལོའི་དཔྱིད་དུས་སློབ་དུས་སློབ་འགོ་ཚུགས་པའི་དུས་ཚོད་ཀྱི་སྤྱི་བསྒྲགས་ལེགས་སྒྲིག་བྱས་པ་གཤམ་གསལ་ལྟར་རོ།

      གཅིག  ཁུལ་ཡོངས་ཀྱི་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭའི་དཔྱིད་དུས་ཀྱི་སློབ་སྐབས་གསར་པ་སློབ་འགོ་འཛུག་པའི་དུས་ཚོད་ལེགས་སྒྲིག་བྱས་ནས་ཞིབ་ཕྲའི་སློབ་འགོ་འཛུག་པའི་དུས་ཚོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་ཟུར་དུ་བརྡ་གཏོང་དགོས་པ་དང་བརྡ་མ་བཏང་གོང་ཀུན་གྱིས་རང་འགུལ་ངང་སློབ་འགོ་བརྩམས་མི་ཆོག སློབ་གྲྭ་ཁག(མཐོ་རིམ་ལོ་རིམ་གསུམ་པ་ཚུད་པ)ཚང་མས་གསབ་ཁྲིད་དང་། དོགས་གཞིར་ལན་འདེབས་པ། ཟུར་ཁྲིད་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་སམ་རྣམ་པ་འགྱུར་བའི་སྒྲིག་འཛུགས་བྱེད་མི་ཆོག སློབ་འགོ་ཚུགས་རིང་ས་གནས་ཁག་གིས་སློབ་གསོ་སློབ་ཁྲིད་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སློབ་མའི་གནང་སྐབས་ཀྱི་སློབ་སྦྱོང་དང་འཚོ་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བྱེད་པ། ཆ་འཕྲིན་ཅན་གྱི་ལག་རྩལ་དང་། དྲ་རྒྱའི་ཐོན་ཁུངས། ལས་སྟེགས་བཅས་བེད་སྤྱོད་གང་ལེགས་བྱེད་པ། དྲ་རྒྱའི་སློབ་ཁྲིད་དང་དྲ་ཐོག་དོགས་གནད་ལ་ལན་འདེབས་པ། སློབ་མར་སློབ་མཚམས་འཇོག་ཏུ་འཇུག་པ་བཅས་བྱེད་དགོས། 

      གཉིས། རང་ཁུལ་གྱི་ཁོངས་གཏོགས་ཀྱི་མཐོ་སློབ་ཏུ་སྔ་སྣུར་དུ་སློབ་འགོ་བརྩམས་མི་ཆོག་པ་དང་དུས་མཚུངས་སློབ་མ་སློབ་གྲྭར་སྔ་སྣུར་དུ་ལོག་མི་ཆོག་པའི་གསལ་བརྡ་ནུས་ལྡན་བཏང་སྟེ།ཞིབ་ཕྲའི་སློབ་འགོ་ཚུགས་པའི་དུས་ཚོད་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་གཞིར་བཟུང་ཁུལ་ཨུད་དང་ཁུལ་སྲིད་གཞུང་།དེ་བཞིན་རིམ་པ་གཅིག་གིས་མཐོ་བའི་གཙོ་གཉེར་སྡེ་ཚན་གྱི་གཅིག་གྱུར་བླང་བྱ་གཞིར་བཟུང་གཏན་འཁེལ་བྱེད་པ་དང་འབྲེལ་དེ་མཚུངས་ཀྱི་ལས་ཀའི་སྔོན་ཇུས་ཡག་པོ་སྒྲུབ་དགོས། 

      གསུམ། དངོས་སྦྱོང་དང་དངོས་སྦྱོང་གི་བྱེད་སྒོ་མཐའ་དག་གནས་སྐབས་མཚམས་འཇོག་བྱེད་དགོས་པ་དང་། ལས་ཐོག་དངོས་སྦྱོང་བྱེད་བཞིན་པའི་སློབ་མས་སློབ་གྲྭ་དང་དངོས་སྦྱོང་རྟེན་གཞིའི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱེད་དགོས་པ་དང་། ངེས་པར་དུ་རང་གིས་རང་ལ་འགོག་སྲུང་ཡག་པོ་བྱས་ནས་བདེ་འཇགས་འགན་ལེན་བྱེད་དགོས། 

      བཞི། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ངོ་ཐུག་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ། སྔོན་ལ་གྲོན་དངུལ་བསྡུས་ཟིན་ན། གཏན་འབེབས་ལྟར་འགྲེལ་བཤད་དང་གྲོན་དངུལ་ཕྱིར་སློག་(དྲ་ཐོག་ནས་གཏོང་སྤྲོད་བྱེད་ཐབས་སྤྱོད་པ་)སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། 

      ལྔ། སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་བྱེད་རིང་སློབ་གྲྭ་ཁག་གིས་རྒྱལ་ཁབ་དང་། ཞིང་ཆེན།ཁུལ་བཅས་ཀྱིས་གཏན་འབེབས་བྱས་པའི་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་ལས་རེས་ཡག་པོ་བྱེད་དགོས། དགེ་སློབ་ཀྱི་མཐིལ་རྟོགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དགེ་སློབ་ཀྱི་འཕེལ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་རིམས་ནད་ཐོན་རྗེས་དུས་ཐོག་ཏུ་སྙན་སེང་ཞུ་དགོས། དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཐེར་འདོན་ཁ་པར་བཙུགས་ཏེ་གོང་གསལ་གྱི་བླང་བྱ་དང་འགལ་བའི་རིགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་ནན་པོ་གཏང་དགོས།


ཆེད་དུ་སྤྱི་བསྒྲགས་བྱས།

རྔ་བ་ཁུལ་ཏོག་དབྱིབས་ནད་དུག་གསར་བའི་

གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་

འཕྲལ་སྡོམ་བཀོད་འདོམས་པུའུ་ནས།

    2020ལོའི་ཟླ་1ཚེས་30ཉིན།