ལོ་སར་སྐབས་རྒྱན་འགྱེད་བྱས་ན་ཉེས་ཆད་ཧ་ཅང་ལྕིའོ། །

རྩོམ་པ་པོ།   དུས་ཚོད།   2020-01-24   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         ལོ་རེའི་ལོ་སར་སྐབས་སུ་ལྟ་སྲུང་ཁང་གིས་འཛིན་བཟུང་བྱས་པའི་མི་མང་ཆེ་ཤོས་ནི་ཅི་ཞིག་བྱེད་མཁན་ཡིན་པ་ཤེས་སམ། རྐུན་མ་མིན་ལ་མགོ་སྐོར་གཏོང་མཁན་ཡང་མིན་ཞིང་། རྡུང་རེས་རྒྱག་མཁན་ནི་དེ་བས་ཀྱང་མིན་ནོ། ། དེ་ནི་རྒྱན་འགྱེད་མཁན་རེད། ཉེན་རྟོག་པ་ཧྲུའུ་ཁྲེ་ཡིས་འདིར་གཟབ་ནན་གྱི་སྒོ་ནས་གསལ་འདེབས་བྱས་པར། ལོ་སར་ལ་ཐོན་བྱུང་། ཚང་མ་སྒོར་སོང་ནས་རྒྱན་མ་འཇོག ཁྱིམ་མི་ལ་འདུག་རོགས་མང་དུ་བྱོས་དང་། ལོ་སར་སྐབས་རྒྱན་འགྱེད་བྱས་ན་ཉེས་ཆད་ཧ་ཅང་ལྕིའོ། །

ལོ་སར་སྐབས་རྒྱན་འགྱེད་བྱས་ན་ཉེས་ཆད་ཧ་ཅང་ལྕི་བ་ཁྱོད་ཀྱིས་ཤེས་སམ།

         གཅིག ཉེས་པ་ཆུང་བའི་རིགས་ཡིན་ན། ལྟ་སྲུང་ཁང(བཀག་བསྐྱིལ་ཁང)དུ་ལོ་སར་གཏོང་བའི་རིང(ཉིན1ནས15)བཀག་ཉར་བྱས་ཁར། སྒོར3000མན་གྱི་དངུལ་ཆད་གཅད་རྒྱུ་དང་། ཉེས་པ་ཚབས་ཆེ་བའི་རིགས་ཡིན་ན། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཀག་ཉར་རམ་ཡང་ན་རྩིས་སྤྲོད་དོ་དམ་དང་དངུལ་ཆད་གཅད་རྒྱུ། གནད་དོན་ཚབས་ཆེན་གྱི་རིགས་ལ་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་དུས་བཀག་བཙོན་འཇུག་དང་དངུལ་ཆད་གཅད་རྒྱུ་རེད། 

         གཉིས། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་དེ་ཚེ་གང་བོར་བསུབ་ཐབས་མེད་པ་ཞིག་ཡིན། མི་སྒེར་ནས་གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་དམག་ནང་ཞུགས་པ། ཏང་ནང་ཞུགས་པ། ཕྱི་ཕྱོགས་ལ་འགྲོ་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ། ཡུལ་མི་གནས་སྤོ་བྱེད་པ་སོགས་ཚང་མར་ཚོད་འཛིན་བྱས་ཡོད་པར་མ་ཟད། ཁྲིམས་རྩོད་པ་སོགས་འབྲེལ་ཡོད་ལས་རིགས་ཀྱི་ནང་དུ་ཡང་ཞུགས་ཆོག་གི་མེད། 

         གསུམ། གོང་གསལ་གྱི་བདེ་སྲུང་ཆད་གཅོད་དང་ཉེས་དོན་ཆད་གཅོད་ཕུད། གཞུང་ཞབས་པ་རྒྱན་འགྱེད་ནང་ཞུགས་ནས་ཆད་པ་བཅད་རྗེས་ད་དུང་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པ་དང་ཐ་ན་གཞུང་གི་ལས་གནས་དང་ཏང་ཁོངས་ནས་ཕྱིར་འབུད་གཏང་ངེས། 

         བཞི། སྔོན་མའི་ཉེས་བསགས་ཀྱི་ཟིན་ཐོ་ཡིག་ཚགས་ནང་ཡོད་ན། རྗེས་ཕྱོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཡོད་ཚེ་ཉེས་ཆད་ལྕི་མོ་གཅད་རྒྱུ། 

         ལྔ། རང་ཉིད་ཁོ་ན་ཙམ་མ་ཡིན་པར། རང་གི་བུ་བུ་མོ་དམག་ལ་ཞུགས་པ་དང་། ཏང་ནང་ཞུགས་པ། ཕྱི་ཕྱོགས་ལ་འགྲོ་བ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ་བཅས་ལ་ཡང་དེ་བཞིན་ཚོད་འཛིན་ཐེབས་པས། དམག་ནང་དང་ཏང་ནང་ཞུགས་དུས་ཆབ་སྲིད་ཞིབ་བཤེར་ལས་བརྒལ་ཐབས་མེད་དོ།། 

        ལོ་སར་སླེབས་ལ་ཉེ་བའི་སྐབས་སུ། མཱ་ཅང་ནི་མི་ཉུང་བ་ཞིག་གི་རོལ་རྩེད་བྱེད་སྟངས་སུ་གྱུར་ཡོད་མོད། འོན་ཀྱང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ངོས་ནས་བརྗོད་ན། སྒྲིག་འགལ་ངང་མཱ་ཅང་བརྒྱབ་ན་ཁྲིམས་ཆད་ཕོག་པར་མ་ཟད། ཡུལ་དངོས་ནས་མ་བརྒྱབ་པར་བལྟས་བསྡད་ན་ཡང་མི་ཆོག་གོ། ། 

        ཉེ་ཆར། སྤྱི་བདེ་སྡེ་ཁག་གིས་ལོ་མཇུག་དང་ལོ་མགོར་སྤྱི་ཚོགས་བདེ་འཇགས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་གཞིགས་ནས། མི་མང་མཉམ་རུབ་ཀྱིས་རྒྱན་འགྱེད་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་སྟེ། དུས་ཆེན་རིང་གི་སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སྒྱུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། མི་འགྱང་བར་ལོ་སར་རྒྱུ་རེད། སློབ་གྲོགས་དང་གྲོགས་པོའི་འདུ་འཛོམས་སྟེང་མཱ་ཅང་རྩེད་འདོད་པ་ཡིན་ནམ། རྩེས་ན་ལོས་ཆོག འོན་ཀྱང་། ཉེན་རྟོག་པ་ཧྲུའུ་ཁྲེ་ཡིས་འདིར་གཟབ་ནན་སྒོས་གསལ་འདེབས་བྱས་པར། རྒྱན་འགྱེད་གཏན་ནས་བྱ་མི་རུང་ངོ་། །

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།