སྡོད་གནས་ཁོར་ཡུག་ལ་བཅོས་སྐྱོང་ལེགས་པོ་བྱས།

འབར་ཁམས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-01-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ང་ཚོས་ཞོགས་པའི་ཆུ་ཚོད་7ནས་གཞུང་ལམ་འགྲམ་གྱི་གད་སྙིགས་གཙང་སེལ་བྱ་དགོས་ཞེས་གཡུ་འབྲུག་གྲོང་སྡེའི་གྲོང་མི་དབྱིན་ཧྲུའུ་ཀུའེ་ཡིས་དེ་ལྟར་བཤད། 2019ལོ་ནས་བཟུང་། འབར་ཁམས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྒྱུན་ལྡན་གྱི་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་བཙུགས་ནས་ཁོངས་གཏོགས་ས་ཆའི་དོ་དམ་དང་ལས་རིགས་དོ་དམ་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན།

གཙོ་གནད་དམ་པོར་བཟུང་།། ཀུན་ནས་བཅོས་སྐྱོང་བྱས།།

           འབར་ཁམས་གྲོང་ཁྱེར་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་ལ། ཡུལ་ཚོ་དང་གྲོང་རྡལ་མང་ཆེ་བ་གྲོང་ཁྱེར་དང་བར་ཐག་ཅུང་རིང་བས་གད་སྙིགས་གཙང་སེལ་བྱ་རྒྱུ་ནི་དཀའ་གནད་ཞིག་ཏུ་གྱུར་ཡོད།

           འབར་ཁམས་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་པ་དང་། རིགས་དབྱེ་མཛུབ་ཁྲིད་བྱེད་པ། འཆར་འགོད་སྔོན་ལ་ལག་བསྟར་བྱེད་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་མངོན་གསལ་དོད་པ། སྤྱི་འདོམས་མཐུན་སྦྱོར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སྔ་རྗེས་སུ《འབར་ཁམས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི》དང《འབར་ཁམས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་དང་བཅོས་སྐྱོང་ཇུས་གཞི》སོགས་ཡིག་ཆ་བཀྲམས་ཤིང་། གྲོང་ཁྱེར་ཡོངས་སུ་གྲོང་ཁུལ་དང་གྲོང་གསེབ་ཀྱི་ཡུག་ཁག་གཉིས་སུ་དབྱེ་ནས་གྲོང་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་དང་། ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་། ཆུ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་། ལྗོངས་སྐོར་གྱི་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་བཅས་ནང་དོན་གཙོ་བོར་བྱས་པའི་བཅོས་སྐྱོང་ལྔའི་འགན་འཁྲི་དབྱེ་འབྱེད་ཁ་གསལ་པོ་བཟོས་པ་དང་། གཙོ་བོར་འཚོ་བའི་གད་སྙིགས་གཙང་སེལ་དང་། བེད་མེད་དུ་བཟོས་པའི་བྱང་བུ་གསར་བ་བཤིག་པ། ས་ཁོད་སྙོམས་པ། དངོས་ཟོག་གང་བྱུང་དུ་སྤུངས་བ་སོགས་བཅོས་སྐྱོང་བྱེད་པ། བེད་མེད་སྙིགས་རོ་གང་བྱུང་དུ་མི་བཤོ་བ། བཙོག་ཆུ་གང་བྱུང་དུ་འབུད་མི་ཆོག་པ། གཏོར་སྐྱོན་གྱི་སྒྲིག་བཀོད་ཉམས་གསོ་བྱེད་པ། ཁྲོམ་བཤམས་པ་ཚད་ལྡན་དུ་གཏོང་བ། རླངས་འཁོར་གང་བྱུང་དུ་མི་འཇོག་པ། ཁོར་ཡུག་གཙང་བཟོ་བཅས་ཀྱི་དམིགས་ཚད་ཆེན་པོ་བཅུའི་ལས་འགན་བཏོན།

           2019ལོའི་ཟླ་12པའི་ཟླ་དཀྱིལ་དུ། འབར་ཁམས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་འཚོགས་རྗེས་གྲོང་ཁྱེར་རིམ་པའི་སྡེ་ཁག་དང་ཡུལ་ཚོ(གྲོང་རྡལ)སོ་སོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་གི་ལས་དོན་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་དང་ཁེ་ལས་ཀྱི་ལས་བྱེད་པ་དང་། སྐྱེ་ཁམས་བདག་སྐྱོང་བ། མང་ཚོགས་བཅས་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་ནག་གྱིས་སྤེལ།

          འབར་ཁམས་གྲོང་ཁྱེར་གྱིས་རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཤིང་། གཙོ་གནད་མངོན་གསལ་དང་གནས་ཁྱོན་ཟུང་འབྲེལ། གཅིག་གྱུར་འཆར་འགོད། སྤྱི་ཡོངས་སྐུལ་སྤེལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་གཏིང་ཟབ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ། མི་སྒེར་ལ་འཕྲོད་བསྟེན་གོམས་གཤིས་བཟང་བོ་ཆགས་པ་དང་། གྲོང་ཁྱེར་ཧྲིལ་བོའི་རྣམ་པ་བསྒྱུར་བཀོད་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ཆ་ཤས་ཤིག་ཏུ་གྱུར།

ཁོར་ཡུག་བཅོས་སྐྱོང་བྱེད་པ་ལ།། མང་ཚོགས་སྐུལ་བ་གནད་དུ་ཆེ།།  

           ང་ཚོས་གྲོང་སྡེ་ཡོངས་ཀྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་གཞུང་ལམ་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་པ་དང་། མང་ཚོགས་ཀྱི་བརྩོན་སེམས་ཀྱང་ཆེ་ཞེས་རྡོ་གཡུ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབང་མོ་ཡིས་དེ་ལྟར་བཤད།

           རྫོང་འགག་གྲོང་རྡལ་རྡོ་གཡུ་གྲོང་སྡེའི་འགྲོ་ལམ་གཙང་ཞིང་གྲལ་དག་ལ། ཁྱིམ་ཚང་རེ་རེའི་ར་སྐོར་ནང་དུ་སྙིགས་སྒམ་གཉིས་བཞག་ཡོད་པ་དང་། གྲོང་སྡེའི་ནང་དུའང་སྙིགས་སྒམ་བཞག་ཡོད་པ་དང་ཆབས་ཅིག གྲོང་སྡེ་དེས་ཏང་ཡོན་དང་ལེན་ཞབས་ཞུ་རུ་ཁག་བཙུགས་ཤིང་། གྲོང་སྡེ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་བཏང་སྟེ་དུས་བཀག་ལྟར་གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱས།

           གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། མང་ཚོགས་ནི་ཁེ་ཕན་ཐོབ་མཁན་ཡིན་ལ་ཞུགས་མཁན་གཙོ་བོ་ཡང་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་བར་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ད་སྐབས་ང་ཚོའི་གྲོང་སྡེ་དང་སྡེ་ཁུལ་གྱི་མང་ཚོགས་ཁོར་ཡུག་བཅོས་སྐྱོང་གི་བྱ་སྤྱོད་ནང་ཞུགས་ཡོད་ཅེས་འབར་ཁམས་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཏུའུ་ཡུས་ཕིང་གིས་དེ་ལྟར་བཤད།

          གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་རྗེས། གད་སྙིགས་དང་བཙོག་ཆུ་སོགས་ཡང་དག་པའི་སྒོ་ནས་གཙང་སེལ་བྱས་ཡོད་ཅེས་གཡུ་འབྲུག་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ལུའོ་དབྱི་ཕིང་གིས་བཤད།

           ད་སྐབས། ཁོར་ཡུག་བཅོས་སྐྱོང་གི་གོམ་སྟབས་དང་བསྟུན། གཙང་ཞིང་མཛེས་པ་ཁོར་ཡུག་པ། འབར་ཁམས་གྲོང་ཁྱེར་གྱིས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་རོལ་བཞིན་མཆིས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།