གྱེས་ཁ་མའི་གླུ།

རྩོམ་པ་པོ།   རྭ་ཅོ་ནག་པོ།དུས་ཚོད།   2020-01-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ད་ལྟ་ང་ཡི་མིག་ལམ་དུ་ཁྱོད་ཀྱི་རྒྱབ་གཟུགས་མི་འདུག

དགུན་གྱི་གྲང་ངར་ལ་ངན་དམོད་མང་པོ་བགྱི་ཞོར།

འབྲལ་ཁའི་གདུང་སེམས་ལ་བསམ་གཞིག་མང་པོ་བཏང་ནས།

མཇུག་མཐའི་འཕྲིན་པ་ལན་ཅིག་བྲི་ཐུབ་ན་བསམས།

ཡིན་ནའང་ཉིན་འདི་དག་ལ།

ང་ལ་སྒྱུ་རྩལ་གྱི་སེམས་ཁམས་རྦད་ནས་འགག་སྟེ།

འཇོ་སྒེག་དབུལ་བའི་འཕྱོར་མ་བཞིན་དུ།

སྣང་སེམས་འདི་སྟོང་ལྷང་ངེར་གྱུར།

ངས་རང་ཉིད་གོ་རྟོགས་མ་སད་པའི་གླེན་པ་བཞིན་དུ།

བརྩེ་དུང་མེད་པའི་བུ་མོ་ཞིག་བདས་པ་དྲན་ན་ཡང་།

རང་ཉིད་ཚོད་འཛིན་བྱེད་མི་ཐུབ་པའི་རྐྱེན་གྱིས།

འུ་གཉིས་སོ་སོའི་ཕན་ཚུན་ལ་གུ་ཡངས་སྟེར་མ་ཐུབ་ནའང་།

བྲལ་འགྲོ་དགོས་པ་དེ་ཅི་འདྲའི་ཤ་རེ་ཚ།

ངས་ནམ་ཞིག་ཁྱོད་ཉིད་བརྗེད་ཅིང་མི་སྣང་བར་གྱུར་རྗེས།

རང་ཉིད་ན་ཆུང་མ་གཞན་ཞིག་དང་འགྲོགས་པའི་ཚེ་ན།

ཁྱོད་རང་ལ་ཁོང་ཁྲོ་དང་ཞེ་སྡང་རྦད་དེ་མེད་པ་ཚོར།

ངས་ཁྱོད་ཀྱི་འཛུམ་ཆུང་དྲན་ཐེངས་རེར།

སྨྲ་བརྗོད་ཀྱི་འདུན་པ་རབ་ཏུ་འགགས་ཏེ།

བསམ་གཞིག་གི་སྙིང་པོ་རིང་ནས་འཁྲུལ་འོང་།

དེ་ནི་ཕྱི་དྲོའི་མཚམས་སྤྲིན་བཞིན་དུ།

རབ་རིབ་མག་མོག་ཏུ་ཡལ་འགྲོ་བས་རེད།

ཡང་ན ། སྤང་དང་མེ་ཏོག་བཞིན་དུ་གྱེས་འགྲོ་བས་རེད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།