རྨི་ལམ་དཀྲོགས་པའི་དབྱངས།

རྩོམ་པ་པོ།   གྱིན་འདའ་བ། དུས་ཚོད།   2020-01-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཟླ་འོད་མག་མོག་གི་ཀློང་ནས།།

སྣ་འཁྱོག་འུག་པ་ཡི་ཐན་སྐད།།

ལྷིང་འཇགས་སྨག་རུམ་ཁྲོད་གྲགས་པས།།

སེམས་ཀྱི་རྨི་ལམ་དེ་དཀྲོགས་སོང་།།

སྡུམ་བུའི་ཁོལ་མ་ཡི་ངོགས་ནས།།

སེམས་པ་རྒྱང་རིང་ལ་ཀེར་དུས།།

གཙང་བོ་ཧུར་སྒྲ་དང་བཅས་ཏེ།།

རླབས་རིས་གྱེན་ཕྱོགས་སུ་འཕར་སོང་།།

ཟླ་བའི་འཛུམ་མདངས་ལ་ཆགས་ཤིང་།།

སྐར་མའི་འོད་རླབས་ལ་ཞེན་པས།།

ལྷིང་འཇགས་མཚན་སྨག་གི་ཀློང་ནས།།

རེ་བའི་རྨི་ལམ་དེ་ཡལ་སོང་།།

སྣང་བ་བེར་ནག་གིས་སྦྲིད་ཅིང་།།

ཚོར་བ་ཞེད་སྣང་གིས་འཁུམས་པས།།

རྣམ་རྟོག་འཕག་འཚག་གི་རྔུལ་ཆུས།།

སེམས་གྱི་གནས་མལ་དེ་བརླན་སོང་།།

རྟོག་པ་སེམས་བྱུང་གི་འོག་འགྱུ།།

དར་ཅིག་ཞི་གནས་སུ་ཡུར་རུང་།།

ཉོན་མོངས་རྟོག་ཚོགས་ཀྱི་དགྲ་བོས།།

མཚན་མོའི་སྨག་ཆེན་ཡང་གཏོར་སོང་།།

སྤྲིན་པའི་འོག་རས་ཡི་ལྟེབས་ན།།

ཟླ་བའི་སྐྱོ་གཞས་ཤིག་ལུས་པས།།

མཁའ་མཐའི་རྒྱུ་སྐར་གྱི་མིག་ཆུ།།

མཚན་མོའི་རུམ་ཁུད་དུ་འཁྱིལ་སོང་།།

ཟ་ཟི་རྨི་ལམ་གྱི་སྨུག་སྤྲིན།།

སེམས་པའི་རི་ལུང་ལ་འཐིབས་པས།།

མ་ངེས་འཁྲུལ་ཤེས་ཀྱི་ཆར་ཟིལ།།

ཡིད་གཞུང་འཁྱག་པ་རུ་བབས་སོང་།།

སེམས་བྱུང་ཡེར་སྣང་གི་འཆར་སྒོར།།

སྨྲེང་གཞས་ཁེར་འབོད་ཀྱི་ཟླ་བ།།

རླུང་གིས་མཁའ་མཐའ་རུ་སྤྱུགས་པས།།

རྨི་ལམ་འཁྱག་པ་རུ་གྱུར་སོང་།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།