དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་འབྱོར་འབྲིང་གི་འཚོ་བར་སྙེག་པ།

རང་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་ཚུལ་སྐོར་ལ་འཐུས་མི་དང་ཨུ་ཡོན་འགའ་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།   གསང་བདག་སྒྲོལ་མ།དུས་ཚོད།   2020-01-14   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              2020ལོ་ནི་ལྔ་འཆར་བཅུ་གསུམ་པའི་འཆར་འགོད་ཀྱི་ཆེས་མཐའ་མཇུག་གི་ལོ་ཞིག་ཡིན་ལ། རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་ཡིན།  སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་བོའི་འགག་གནད་སྒྲོལ་བ་དང་། དབུལ་བྲལ་གནད་སྒྲོལ་གྱི་ཚར་གཅོད་ལས་དོན་ལས་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་སྐྲུན་ཐུབ་པར་འགན་ལེན་བྱེད་དགོས་ལ། ཐེངས་འདིའི་སྲིད་གཞུང་གི་ལས་ཀའི་སྙན་ཞུ་རུ་ཡང་དང་བསྐྱར་དུ་ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ལས་དོན་གྱི་དུང་བརྡ་དཀྲོལ་བཞིན་འདུག

             དབུལ་བྲལ་གནད་སྒྲོལ་ལས་དོན་གྱི་མཐའ་མཇུག་གི་ལོ་འདིར། རྔ་བ་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྱི་ཞན་ཆ་ཇི་ལྟར་གསབ་རྒྱུ་དང་། དབུལ་བོའི་འགག་གནད་ཇི་ལྟར་སྒྲོལ་བ། བྱེད་ཐབས་གང་དག་སྤྱད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་སྐོར་ནས།   ཟླ་1ཚེ་13ཉིན་གསར་འགོད་པས་ཁུལ་ཚོགས་ཆེན་གཉིས་ཀྱི་་འཐུས་མི་དང་ཨུ་ཡོན་འགའ་ལ་བཅར་འདྲི་བྱས།

            སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ནི་དབུལ་བོ་དབུལ་ཕོངས་ལས་ཐར་བའི་གཞི་རྩའི་བླང་བྱ་དང་ལྟེ་བའི་དམིགས་ཚད་ཡིན་པས། དབུལ་བྲལ་གནད་སྒྲོལ་གྱི་སྤུས་ཚད་དང་འབྲེལ་བ་ཡོད། དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ལེན་ཐུབ་མིན་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་དོན་ཐོག་ཏུ་འཁྱོལ་མིན་ལ་རག་ལས་ཡོད། མིག་སྔར། རང་ཁུལ་གྱི་གྲོང་གསེབ་ཀྱི་དབུལ་བོའི་སེམས་ཁྲལ་མེད་པ་གཉིས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་གི་བདེ་འཇགས་ཀྱི་ཐད་ད་དུང་གནད་དོན་གང་མང་ཞིག་ལྷག་འདུག དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ལེན་དགོས་ན་ད་དུང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་ཏེ་ཤུགས་སྣོན་དགོས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ནི་དབུལ་སྒྲོལ་གཙང་མ་ཡོང་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད་པས། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་མཇུག་བསྡུ་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པའི་སྒང་འདིར། ང་ཚོས་ལས་དོན་འདིར་ནོར་འཁྲུལ་སྤུ་ཙམ་ཡང་འབྱུང་མི་འཇུག་པར་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གཏན་ནས་ལྷོད་གཡེང་གཏོང་མི་རུང་།  གྲོང་གསེབ་ཀྱི་སློབ་གྲྭ་ཚང་མ་ཡག་པོར་གཉེར་ནས་གྲོང་གསེབ་ཀྱི་ཕྲུ་གུ་ཚོས་སྤུས་ལེགས་སློབ་གསོ་དང་ལེན་བྱས་པ་བརྒྱུད་མི་ཚེ་དང་ཁྱིམ་ཚང་ལ་འགྱུར་ལྡོག་བཏང་ཚེ་ད་གཟོད་མི་རབས་ནས་མི་རབས་བར་དབུལ་བོ་ཆགས་རྒྱུ་བཀག་འགོག་བྱེད་ཐུབ། ཅེས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཁྲེང་ཏུའུ་ཧེ་ཙེ་འར་སློབ་གསོ་བློ་འདྲི་ཀུང་སིའི་ཏུང་ཧྲི་ཀྲང་ཀྲན་ཏི་སི་མོན་གྱིས་དེ་ལྟར་བཤད། མོས་ད་དུང་སྲིད་གཞུང་གིས་རྐང་འཛིན་དགེ་རྒན་དང་སྔོན་ཐོན་གྱི་སློབ་གྲྭ་གཉེར་བའི་འདུ་ཤེས་ཐད་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པར་བཤད།

           ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ཅིན་ཏུང་གིས། ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ནི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་གཉེར་མཁན་གཙོ་བོ་ཡིན་པས།  ད་ལོར་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལ་དམ་པོར་དམིགས་ཤིང་། མེད་པ་བཞིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཕྱིར་མིག་ལྟ་བ་དང་ཕྱིར་ལོག་ནས་རོགས་རམ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། རྫོང(གྲོང་ཁྱེར)13དང་གྲོང་སྡེ་དབུལ་བོ་606། དབུལ་བོ་ཁྲི་10.36གི་དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་མཐོ་རུ་བཏང་སྟེ། དབུལ་ཕོངས་ཁྱིམ་ཚང་དག་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ཚད་གཞིར་སླེབས་རྒྱུར་འགན་ལེན་བྱ་དགོས་ཞེས་བཤད།

          ཐོན་ལས་ཀྱིས་དབུལ་སྐྱོར་ལམ་སྲོལ་གྱི་ནུས་པ་བཏོན་ཏེ་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་མཉམ་ལས་ཁང་ལས་རིགས་ཁག་གི་ཨུ་ཡོན་ཞུས་ཧྭ་ཕུའུ་ཡིས་དེ་ལྟར་བཤད། ཁོང་གིས་མིག་སྔར་རྔ་བ་ཁུལ་གྱི་ནོར་གནག་ཐོན་ལས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་། འབྲོག་ལས་ཀྱི་སྒྲིག་ཆས་ཀྱང་རྗེས་ལུས་ཡིན་ལ། ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་ཞན་པ། ཁྲོམ་རའི་འཕེལ་རྒྱས་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ཡོད་པར་བཤད། དེའི་རྐྱེན་གྱིས་རྔ་བ་ཁུལ་གྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ལ་འཚམ་པའི་ལམ་བུ་འཚོལ་ཞིབ་བྱས་ཏེ། ཚན་རིག་དང་མཐུན་པའི་གསོ་ཚགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ནོར་གནག་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། མ་དངུལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་གནག་ཐོན་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས་ལ། ཁྲོམ་རའི་ནུས་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱ་དགོས།

         ཨུ་ཡོན་ཡུས་ཀྲུང་ཧྭ་དང་དབྱང་ཀྲི་ཅུན་གཉིས་ཀྱིས་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལ་རྒྱལ་ཁ་ལེན་དགོས་ན་རང་ངོས་ཀྱི་ནུས་པ་འཕེལ་བ་བྱས་ཚེ་ད་གཟོད་དབུལ་ཕོངས་ལས་སྒྲོལ་ཏེ་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ། ཅེས་ཟེར།  སྡེ་ཁག་སོ་སོས་དབུལ་བྲལ་གནད་སྒྲོལ་གྱི་རོགས་སྐྱོར་ལས་དོན་ཁྲོད་སྲིད་ཇུས་དྲིལ་སྒྲོག་དང་སློབ་གསོ་ཁྲིད་སྟོན་གྱི་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་རང་བདག་གི་འདུཤེས་ལ་སྐུལ་མ་གཏོང་བ་དང་གཞན་རྟེན་གྱི་བསམ་བློ་མེད་པར་བཟོ་དགོས།
      གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལག་བསྟར་བྱ་རྒྱུ་ནི་རང་ཁུལ་གྱིས་ཞིང་གསུམ་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྨང་གཞིའི་འདུ་འགོད་ཅིག་རེད། ཨུ་ཡོན་ཆི་ཞིང་ལུའུ་ཡིས་བཤད་པ་ལྟར་ན།  ངེས་པར་དུ་ཞིང་གསུམ་གནད་དོན་དེ་ཁུལ་ཡོངས་ཀྱི་ལས་ཀའི་གཙོ་གནད་དུ་བརྩིས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྲོད་བྱ་ཐབས་གསར་བ་དང་ཐབས་ལམ་གསར་བ་འཚོལ་དགོས་པར་བཤད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།