གོ་སྐབས་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ཀྱི་ཐོག་མའི་བླང་བྱ་ཡིན།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-01-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               གོ་སྐབས་དམ་འཛིན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་གོ་སྐབས་དམ་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། གོ་སྐབས་དམ་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གོ་སྐབས་ནི་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་ཇེ་མགྱོགས་སུ་བསྐྲུན་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཞེས་པ་ནི་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་གླེང་གཞི་གཙོ་བོ་ཞིག་རེད།

              གོ་སྐབས་ཞེས་པར་དུས་ངེས་གཏན་ཞིག་མེད་ཀྱང་། གོ་སྐབས་འཚོལ་ཤེས་ན་དེ་ལ་ཆོས་ཉིད་ཅིག་དང་རྒྱུ་མཚན་ཞིག་ཀྱང་ཡོད། དེར་བརྟེན། ངེས་པར་དུ་གོ་སྐབས་འཛིན་ཤེས་པའི་བློ་གྲོས་དང་མཁྱེན་དཔྱོད་ལྡན་དགོས། སྒོས་སུ་རྒྱུ་རྐྱེན་ངན་པ་ལས་གོ་སྐབས་འཚོལ་བར་དེ་བས་ཀྱང་མཁས་དགོས། དཔེར་ན། རི་མཐོ་ལུང་ཟབ་ནི་འཕེལ་རྒྱས་ལ་མཚོན་ན་རྒྱུ་རྐྱེན་བཟང་བོ་ཞིག་མིན། ཡིན་ནའང་། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་རྫོང(གྲོང་ཁྱེར)མང་བོས་དངོས་ཡོད་ཀྱི་གནས་ཚུལ་འདི་འདྲ་ཞིག་ལ་རྐང་བཙུགས་ནས། ཁམས་གསེང་ལྗོངས་སྐོར་དང་ཁྱད་ལྡན་ཤིང་ཏོག་འདེབས་འཛུགས་སོགས་སྤུས་ལེགས་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྒྲིག་གཞི་ལེགས་སྒྲིག་དང་ཁྱད་ཆོས་གསར་གཏོད། ཕན་འབྲས་མཐོར་འདེགས་སུ་བཏང་ནས། ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་སྦྱར་ཡོད། ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་སོང་ཡོད། ས་ཁུལ་ལ་ལ་འཕེལ་རྒྱས་ཅུང་མགྱོགས་ལ་འཕོ་འགྱུར་ཆེ་བ་ནི་ཡུལ་བབ་དང་བསྟུན་ནས་གོ་སྐབས་རྙེད་པས་རེད་ལ། གོ་སྐབས་དེ་འདྲ་དམ་འཛིན་དང་བེད་སྤྱོད་ལ་མཁས་བའི་འབྲས་བུ་ཞིག་ཀྱང་རེད།

              ད་ལོ་ནི་ལྔ་འཆར་བཅུ་གསུམ་པ་མཇུག་སྡུད་པའི་ལོ་ཡིན་ལ། རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོའང་ཡིན། གཙོ་གནས་སྐྱེ་ཁམས་ནུས་ལྡན་གླིང་གི་རྩ་བའི་གནས་བབ་ནི་རང་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་བཟང་བོ་ཞིག་ཡིན། དེ་བས། གོ་སྐབས་ངོས་འཛིན་དང་གོ་སྐབས་གཅེས་འཛིན། གོ་སྐབས་དམ་འཛིན་བཅས་ནི་ཤིན་ཏུ་གལ་ཆེ། སྔར་བས་རྙོག་འཛིང་གི་གནས་བབ་དང་སྔར་བས་དཀའ་ཚེགས་ཆེ་བའི་ལས་འགན་ལ་འཕྲད་དུས། འཕེལ་རྒྱས་གསར་བའི་འདུ་ཤེས་དང་སྤུས་ཚད་བཟང་བའི་འཕེལ་རྒྱས་ཀྱི་བླང་བྱ་རང་མོས་སུ་ལག་ཏུ་བསྟར་དགོས་ཤིང་། གཙོ་གནད་འབུར་ཐོན་དང་གནད་འགག་ཁོང་ཆུད། བརྩོན་སྐྱེད་གནད་འཁེལ་བཅས་བྱས་ཏེ། རྣམ་པ་དང་གནས་བབ། ཉེན་ཁ་དང་གོ་སྐབས། མྱུར་ཚད་དང་དལ་ཚད། བརྟན་བརླིང་དང་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་ཡང་དག་པར་ཐག་ཆོད་ན། གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་འགྲུབ་ངེས་རེད།

             དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཀྱིས་མི་འདང་བ་ནི་འགྲན་སློང་ཞིག་ཡིན་ཡང་། དེས་མ་འོངས་པའི་འཕེལ་རྒྱས་ལ་སྔར་བས་མང་ལ་རྒྱ་ཆེ་བའི་བར་མཐོངས་ཤིག་བཏོན་ཡོད་པས། གོ་སྐབས་ངོས་འཛིན་དང་གོ་སྐབས་དམ་འཛིན་གྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཐུས་མི་དང་ཨུ་ཡོན་རྣམས་ཀྱི་ཐབས་འདོན་ཇུས་འདོན་གྱི་གཏམ་བཤད་རེ་རེ་ཐོས་དུས། སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་བཞིན་པའི་ཚོར་སྣང་ཡང་ནས་ཡང་དུ་སྟེར་ཡོང་།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།