ལྗོངས་སྐོར་ལས་རིགས་དར་ན་དམངས་ཀྱི་འཚོ་བ་སྐྱིད།

ཚོགས་ཆེན་གཉིས་སུ་འཐུས་མི་དང་ཨུ་ཡོན་རྣམས་པས་ལྗོངས་སྐོར་ལས་རིགས་སྐོར་ལ་ཐུགས་ཁུར་བྱེད་བཞིན་པའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།   མགོན་པོ་ཚེ་བརྟན།དུས་ཚོད།   2020-01-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ལོ་ཡིན་ཞིང་། རང་ཁུལ་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ལོ་གཅིག་གི་རིང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པར་འགྲུབ་པ་བཅས་བྱས་པ་དང་། ཁུལ་ཨུའི་འགོ་ཁྲིད་དང་ཁུལ་དམངས་འཐུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་བཅས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱི་སྣེ་ཁྲིད་བྱས་ཏེ་དབུལ་བྲལ་གནད་སྒྲོལ་དང་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལེགས་པོར་འགྲུབ་ཡོད།

           ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུར་དམ་འཛིན་བྱེད་པ།

            རང་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་བ་དེ་ད་ལོའི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པས་ཆེས་སེམས་ཁུར་བྱེད་སའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅིང་། སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཛོད་དགེ་རྫོང་བརླན་སའི་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གཡང་ཕྱུག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ནི་ཞིང་ལས་ཐོན་རྫས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་མ་ཟད། ལྷག་པར་དུ་ལྗོངས་སྐོར་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པས། གཞུང་ལམ་འཛུགས་སྐྲུན་སྐོར་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱས་ཏེ། རང་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། ད་ལོའི་སྲིད་གཞུང་ལས་ཀའི་སྙན་ཞུའི་ཁྲོད་བཏོན་པ་ལྟར། རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱས་ཏེ་ལྗོངས་སྐོར་ཁོར་ཡུག་དང་ལམ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་ནས། ཞིང་ཆེན་ཡོངས་ལས་སྔོན་ལ་ཁྱད་ལྡན་ལྗོངས་སྐོར་ཕྱོགས་སྟོན་མཚོན་རྟགས་བསྐྲུན། གཟི་རྩ་སྡེ་དགུ་ཆེན་པོའི་རིག་གནས་ལྗོངས་སྐོར་ཐོན་ལས་དར་རྒྱས་ཐེབས་རྩ་བཙུགས་ནས་རིག་གནས་ལྗོངས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས། A4རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་རིམ་སྤར་ལས་གྲྭ་ལག་བསྟར་བྱས་ནས་རྒྱལ་ཁབ་རིམ་པའི་A4མཛེས་ལྗོངས་ཁུལ་7དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་2། སི་ཁྲོན་གྱི་ལྗོངས་སྐོར་གྲགས་ཅན་རྫོང་ཁག་དང་བོ་1གསར་གཏོད་བྱས། སྔོན་དཔག་ལྟར་ན། ཁུལ་ཡོངས་ཀྱི་2019ལོའི་ལོ་ཧྲིལ་བོར་ལྗོངས་སྐོར་བ་མི་ཐེངས་ཁྲི་2950སྣེ་ལེན་བྱས་ཤིང་བརྒྱ་ཆ་24.5ཡས་མས་འཕར་བ་དང་། ལྗོངས་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་213.3མངོན་གྱུར་བྱུང་ལ་བརྒྱ་ཆ་28ཡས་མས་འཕར་ཡོད། རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་ལེགས་ཆ་གཅིག་སྡུད་བྱས་ནས་རིག་གནས་ཐོན་ལས་ལས་གཞི་གལ་ཆེན་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ཏུ་བསྟར། རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་རང་ཁུལ་དུ་བཙུགས། ཞ་ཞི་རྩེད་རྩེད་དང་བོད་ཆའང་དཔེ་དབྱིབས་སོགས་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ། གཟི་རྩ་སྡེ་དགུའི་ལྗོངས་སྐོར་ལམ་རྒྱུད་ཀྱི་འཁྲབ་སྟོན་ཚོགས་པ་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད་ལ། རྟེན་གཞི་རྒྱ་ཆེར་གཏོང་བ་དང་ཁེ་ལས་སྟོབས་ཆེར་གཏོང་བར་འབད་བརྩོན་བཅས་བྱས་ཡོད་པ་རེད། 

            རིག་གནས་ལྗོངས་སྐོར་མཉམ་འདྲེས་དང་ཁྱད་པར་ཡོད་པའི་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཁུལ་གཅིག་དང་རྒྱུད་བཞིའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་གཏོད་པ་དང་། རྒྱལ་ཁབ་ཀྱི་ཁོངས་ཡོངས་ལྗོངས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བའི་འགན་ལེན་བྱེད་དགོས་ལ། ལོ་ཧྲིལ་བོར་ལྗོངས་སྐོར་བ་སྣེ་ལེན་ཞུ་ཚད་བརྒྱ་ཆ་22དང་ལྗོངས་སྐོར་ཡོང་འབབ་བསྡོམས་འབོར་བརྒྱ་ཆ་33འཕར་ཡོད་པ་རེད།         

            ལྗོངས་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྣ་མང་རང་བཞིན་གྱི་ལྗོངས་སྐོར་གཏོད་པ།

             སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གཟི་རྩ་སྡེ་དགུ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་དབྱི་ཡིས་རང་ཉིད་ལ་མཚོན་ན། ད་ལོའི་《རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་》དང་《གྲོས་གཞིའི་ལས་ཀའི་གནས་ཚུལ་སྙན་ཞུ་》ལ་མོས་མཐུན་ཡོད་ཅིང་། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་ཁུལ་གྱི་དོན་དངོས་ལ་རྐང་བཙུགས་ནས་བསམ་འཆར་དང་གྲོས་འགོ་ཧུར་ཐག་བཏོན་ཏེ་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་ཡོང་བར་འབད་བརྩོན་བྱེད་བཞིན་པ་དང་། ད་ལོར་རང་གིས་ལྗོངས་སྐོར་ལས་གཉེར་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རང་ཁུལ་དུ་རྒྱལ་ཕྱིའི་ལྗོངས་སྐོར་བ་ཡོང་བའི་བསྡུར་ཚད་དམའ་བས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ལྗོངས་སྐོར་ཚོང་གཉེར་སྐོར་གྱི་དྲིལ་བསྒྲགས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་ནས་རང་གི་བསམ་ཚུལ་དང་གྲོས་གཞི་བཏོན་པ་ཡིན་ཟེར།

            མ་འོངས་པའི་ལོ་གཅིག་གི་རིང་། རྔ་ཁུལ་གྱིས་ཚོགས་ཆེན་གཉིས་ལས་བཏོན་པའི་དམིགས་འབེན་ལྟར། སྣེ་འདྲེན་གྱིས་སྐུལ་ཁྲིད་དང་གནས་མང་གིས་འདེགས་སྐྱོར། ཁོངས་ཡོངས་ལྗོངས་སྐོར་དར་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། གཟི་རྩ་སྡེ་དགུ་དང་གསེར་མཚོའི་ལྗོངས་སྐོར་གྱི་ཐོན་རྫས་གཏོད་པ། ཏ་ཁོག་འཁྱག་རོམ་དང་གཉན་པོ་གཡུ་རྩེའི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་དང་། སྐུ་བླ་རི་བོའི་A5རིམ་པའི་མཛེས་ལྗོངས་ཁུལ། གཟི་རྩ་སྡེ་དགུའི་ལྷ་མཚོ་སོགས་A4རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ལྗོངས་སྐོར་གཞུང་ལམ་དང་ལྗོངས་སྐོར་གསང་སྤྱོད་ཁང་སོགས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་བྱེད་ནུས་ཆ་འགྲིག ལྗོངས་སྐོར་བསྡུ་འགྲེམ་བློ་འདྲིའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། གྲོང་གསེབ་ཀྱི་མགྲོན་ཁང་དང་ཕྱི་རོལ་གྱི་སྒར་ས་སོགས་ཀྱི་འཛུགས་སྐྲུན་དང་དོ་དམ་ལམ་ལུགས་གང་མགྱོགས་ཀྱིས་བཟོ་བ། ལྗོངས་སྐོར་ལས་དོན་ཁང་དང་ཞག་སྡོད་བཟའ་བཏུང་སོགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། སི་ཁྲོན་གྱི་ལྗོངས་སྐོར་གྲགས་ཅན་གྱི་རྫོང་1དང་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་རྫོང་3བསྐྲུན་རྒྱུར་བརྩོན་ལེན་བྱེད་པ། མ་ཚད་གསེར་གྱི་རྟགས་མ་དགུ་ཞེས་པ་གཙང་མར་ཕྱིས་ནས་དོམ་ཁྲའི་ཁྱིམ་གཞིས་དང་དག་གཙང་གི་་རྔ་བའི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྒྱས་སུ་འཇུག་པར་འབད་བརྩོན་བྱས་ཏེ། རང་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་སུ་གཏོང་བ་དང་དཔེ་སྟོན་ཁུལ་བསྐྲུན་པར་འབད་བརྩོན་བྱ་རྒྱུ་རེད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།