དབྱང་ཁེ་ཉིང་གིས་འཛམ་ཐང་གི་འཐུས་མི་ཚོགས་པ་དང་མཉམ་དུ་གྲོས་ཞིབ་གནང་།

དབྱང་ཁེ་ཉིང་གིས་འཛམ་ཐང་གི་འཐུས་མི་ཚོགས་པ་དང་མཉམ་དུ《སྲིད་གཞུང་གི་ལས་ཀའི་སྙན་ཞུ》ལ་གྲོས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། དབུལ་བྲལ་གནད་སྒྲོལ་དང་། རིག་གནས་ལྗོངས་སྐོར་མཉམ་འདྲེས། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ཏེ། འཛམ་ཐང་གི་འབྱོར་འབྲིང་ཀུན་ནས་བསྐྲུན་ཐུབ་པར་རྨང་གཞི་བརྟན་པོར་གདིང་དགོས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-01-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་1ཚེས་11ཉིན། ཁུལ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་འཛམ་ཐང་གི་འཐུས་མི་ཚོགས་པ་དང་མཉམ་དུ《སྲིད་གཞུང་གི་ལས་ཀའི་སྙན་ཞུ》ལ་གྲོས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་། ཞིང་ཨུ་དང་ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར། དོན་འཁྱོལ་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་མཉམ་དུ་ལེགས་འགྲུབ་བྱེད་པའི་འཐབ་ཇུས་དམིགས་འབེན་ལ་དམིགས་ཏེ། “འབྲེལ་བ་རྣམ་གསུམ”ཡང་དག་པར་ཐག་བཅད་དེ། དབུལ་བྲལ་གནད་སྒྲོལ་གྱི“ཚར་གཅོད་གཡུལ་འགྱེད”ལེགས་པོར་རྒྱག་པ། “སྟོབས་སྒྲིལ་རྣམ་གསུམ”སྔར་བས་འབུར་དུ་ཐོན་པར་བྱས་ཏེ། རིག་གནས་ལྗོངས་སྐོར་གྱི“མཉམ་འདྲེས་བྱང་རྟགས”ལེགས་པོར་ལེན་དགོས་ཤིང་། “གཙོ་གནད་རྣམ་གསུམ”ལ་དམ་པོར་དམིགས་ཏེ། གཞི་རིམ་བཅོས་སྐྱོང་གི“མཉམ་སྡེབ་ཁུ་ཚུར”དམ་པོར་བཅིངས་ཏེ། འཛམ་ཐང་གི་འབྱོར་འབྲིང་ཀུན་ནས་བསྐྲུན་ཐུབ་པར་རྨང་གཞི་བརྟན་པོར་གདིང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མུ་མཐུད་དུ་གཏོད་དགོས།

             གྲོས་བསྡུར་གྱི་ཡུལ་དངོས་སུ་འཐུས་མི་ཚོས《སྲིད་གཞུང་གི་ལས་ཀའི་སྙན་ཞུ》ལ་དམིགས་ནས་གཅིག་རྗེས་གཉིས་མཐུད་དུ་གཏམ་བཤད་དེ། ཀུན་གྱིས《སྲིད་གཞུང་གི་ལས་ཀའི་སྙན་ཞུ》ལས་ལས་དོན་ལ་ཕྱི་མིག་བལྟས་ནས་འདས་པའི་ལོ་གཅིག་གི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་དོན་དངོས་ལ་མཐུན་པ། གནས་བབ་ལ་དབྱེ་ཞིབ་བྱས་པ་གཏིང་ཟབ་ཅིང་གནད་ལ་སྨིན་པ། གཏན་ལ་ཕབ་པའི་སྤྱིའི་བླང་བྱ་དང་ལས་ཀའི་བཀོད་སྒྲིག་ལས་རང་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཁུལ་ཡོངས་ཀྱི་མི་དམངས་ཀྱི་བསམ་འདུན་ཇི་མ་ཇི་བཞིན་དུ་མཚོན་ཡོད་པས། དེ་ནི་མི་ལ་སྐུལ་ལྕག་ཐེབས་པའི་སྙན་ཞུ་ཡག་པོ་ཞིག་རེད།

           འཐུས་མི་རྣམས་ཀྱིས“ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ”འཛུགས་སྐྲུན་ལ་ཐབས་ཇུས་བཟང་བོ་གཅིག་རྗེས་གཉིས་མཐུད་དུ་བཏོན།

            དབྱང་ཁེ་ཉིང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་གྱིས་གསན་རྗེས། ཁོང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་རང་ཁུལ་གྱིས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་འགོམ་བརྒལ་འཕེལ་རྒྱས་ལ་བརྩོན་པའི་གནད་འགག་གི་ལོ་ཞིག་ཡིན། དཔལ་འབྱོར་མུ་མཐུད་དུ་མར་ཆག་པ་དང་། ཁོར་ཡུག་གི་བཀག་རྒྱ་ཇེ་དོག་ཏུ་སོང་བ། གནོད་འཚེ་ཡང་ནས་ཡང་དུ་བྱུང་བའི་ཉམས་ལེན་ཚབས་ཆེན་ལ་འཕྲད་དུས། ཁུལ་ཡོངས་ཀྱིས་མཐུན་སྒྲིལ་འབད་འབུངས་དང་། འབད་འཐབ་གསར་གཏོད། དངོས་སྒྲུབ་ཡར་བརྩོན་བཅས་བྱས་ནས། གནོད་འགོག་རྒུད་སྐྱོབ་ཀྱི་གནད་སྒྲོལ་གཡུལ་འགྱེད་དང་། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་གཡུལ་འགྱེད། དབུལ་བྲལ་གནད་འཁེལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་གཡུལ་འགྱེད། དཔལ་འབྱོར་འཕེལ་རྒྱས་ཀྱི་སླར་འཕེལ་གཡུལ་འགྱེད་བཅས་ལས་རྣམ་པར་རྒྱལ་བ་དང་། བྱ་གཞག་རེ་རེ་ལས་ཀུན་ནས་ཐོད་བརྒལ་དང་ཀུན་ནས་མགྱོགས་མྱུར། ཀུན་ནས་དར་རྒྱས་བཅས་ཀྱི་རྣམ་པ་ལེགས་པོ་མངོན་པར་དོད་ཡོད། སྒོས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་བརྒྱ་ཆ་6.5ཟིན་ངེས་པས། སྔོན་དཔག་དམིགས་འབེན་ལས་བརྒྱ་ཆའི་ཆ་1.5འཕར་ངེས། དེ་ལས་རང་ཁུལ་གྱི་དཔལ་འབྱོར་དེ་དར་རྒྱས་གོང་འཕེལ་གྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཡོད། གྲུབ་འབྲས་དེ་འདྲ་ཐོབ་པ་ལས་སླ་མོ་ཞིག་མིན་པར། དེར་ཀུན་གྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་འདུས་ཡོད་ལ། ཀུན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བས་ཡིན།

            དབྱང་ཁེ་ཉིང་གིས་འཛམ་ཐང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་ཁས་ལེན་གང་ལེགས་མཛད་ཅིང་། ཁོང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་འཛམ་ཐང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁུལ་ཨུ་དང་། ཁུལ་སྲིད་གཞུང་། རྫོང་ཨུ་དང་རྫོང་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དབུལ་བྲལ་གནད་སྒྲོལ་གཅིག་འདོམས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་དམ་འཛིན་དང་སྒྱུར་བཅོས་སྐུལ་འདེད། དམངས་འཚོར་ཕན་གདགས་པ། འཆམ་མཐུན་ལ་སྐུལ་འདེད་བྱས་ཏེ། དབུལ་བྲལ་གནད་སྒྲོལ་ལ་ཐོད་བརྒལ་ཆེན་པོ་བྱུང་ཡོད་ལ། སྤུས་ཚད་མཐོན་པོའི་ངང་ཞིང་ཆེན་རིམ་པའི་དཔྱད་ཞིབ་དཔྱད་འཇོག་གི་ཚད་ལོན་ཡོད། དཔལ་འབྱོར་འཕེལ་རྒྱས་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་10ལས་བརྒལ་ངེས་ཤིང་། དམངས་འཚོ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་སྒྲིག་གཞི་ཚང་བའི་གྲོང་གསེབ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་རིག་གནས་བྱེད་སྒོའི་རྣམ་པ་མང་དུ་ཕྱིན་པ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་ཐོན་ཡོད། འཛམ་ཐང་ནས་ཐོན་པའི་ཁུལ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་འཛམ་ཐང་ལ་གྲུབ་འབྲས་དེ་འདྲ་ཐོབ་པར་དགའ་བ་ཚད་མེད་སྐྱེས་ཤིང་། འཛམ་ཐང་གི་ལས་བྱེད་པ་དང་མང་ཚོགས་རྗེས་སུ་ལུས་ན་མི་འདོད་ཅིང་། སེམས་ཤུགས་གཅིག་སྒྲིལ། དཔའ་ངར་ཆེར་སྐྱེད་ཀྱིས་རྗེས་སྙེག་སྔོན་སྐྱོད་ཀྱི་སྙིང་སྟོབས་ལ་ཡི་རངས་བྱེད་བཞིན་ཡོད།

            དབྱང་ཁེ་ཉིང་གིས་བསྟན་དོན། ད་ལོ་ནི་ལྔ་འཆར་བཅུ་གསུམ་པའི་འཆར་འགོད་མཇུག་བསྒྲིལ་བའི་ལོ་ཞིག་ཡིན་ལ། རང་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་བསྐྲུན་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་ཡིན། འཛམ་ཐང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། གཤམ་གསལ་གྱི་ལས་དོན་ཁག་དམ་འཛིན་ལེགས་པོར་བྱེད་དགོས། གཅིག་ནས“འབྲེལ་བ་རྣམ་གསུམ”ཡང་དག་པར་ཐག་བཅད་དེ། དབུལ་བྲལ་གནད་སྒྲོལ་གྱི་ཚར་གཅོད་གཡུལ་འགྱེད་ལེགས་པོར་རྒྱག་དགོས། མིག་སྔར་དང་ཕུགས་ཀྱི་འབྲེལ་བ་ཡང་དག་པར་ཐག་བཅད་དེ། དབུལ་ཕོངས་མཐའ་མའི་མཁར་རྫོང་གཏོར་དགོས། དབུལ་བྲལ་དང་སྲ་བརྟན་གྱི་འབྲེལ་བ་ཡང་དག་པར་ཐག་བཅད་དེ། དབུལ་བྲལ་གྱི་གྲུབ་འབྲས་ཏན་ཏིག་གིས་སྲ་བརྟན་དུ་གཏོང་དགོས། “རྩ་བཅོས”དང“ལག་བཅོས”ཀྱི་འབྲེལ་བ་ཡང་དག་པར་ཐག་བཅད་དེ། ཡུན་བརྟན་ངང་དབུལ་བྲལ་ཐུབ་པ་འགན་ལེན་བྱེད་དགོས། གཉིས་ནི“སྟོབས་སྒྲིལ་རྣམ་གསུམ་”སྔར་བས་འབུར་དུ་ཐོན་པར་བྱས་ཏེ། རིག་གནས་ལྗོངས་སྐོར་མཉམ་འདྲེས་བྱང་རྟགས་ལེགས་པོར་ལེན་དགོས། “རྨང་གཞི་བརྟན་པོ”གཅིག་ཏུ་བསྡུས་ཏེ་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་ལས་གཞི་ལག་བསྟར་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སྐྲུན་ཚད་ཇེ་མགྱོགས་སུ་བཏང་ནས་མཐོ་སྒང་ནགས་གླིང་ཞེས་པའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་བསྐྲུན་དགོས། ཐོན་ལས་ཁུལ་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རིག་གནས་བརྩམས་ཆོས་གཏིང་ཟབ་མོར་དར་སྤེལ་དང་། ལས་རྣམ་གསར་བ་སྐྱེད་སྲིང་། དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་བག་ཆགས་ཇེ་ཟབ་ཏུ་གཏོང་དགོས། “སྤུས་རྟགས་བཟོ་བའི”ནུས་པ་གཅིག་ཏུ་བསྡུས་ནས་ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ལྗོངས་སྐོར་དཔེ་སྟོན་ས་ཚིགས་སྐྲུན་ཚད་ཇེ་མགྱོགས་སུ་གཏོང་དགོས། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ཁྱད་ལྡན་ལྗོངས་སྐོར་གྱི“མིང་བྱང་གསར་བ”གཏོད་དགོས། གསུམ་ནི་“གཙོ་གནད་རྣམ་གསུམ་”ལ་དམ་པོར་དམིགས་ཏེ། གཞི་རིམ་བཅོས་སྐྱོང་གི་མཉམ་སྡེབ་ཁུ་ཚུར་དམ་པོར་འཆིང་དགོས། དགོན་སྡེ་དོ་དམ་གྱི་ལས་དོན་གཙོ་བོར་བཟུང་སྟེ། དགོན་སྡེ་དོ་དམ་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཟོ་བ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་བསྟུན་པར་འབད་དགོས་ཤིང་། དེ་དང་སྦྲགས་འཐུས་མི་རྣམས་ཀྱི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་གང་ལེགས་སྒོས་འདོན་པ་དང་། མང་ཚོགས་ལ་འབྲེལ་འདྲིས། མང་ཚོགས་ལ་མཐུན་སྒྲིལ། མང་ཚོགས་ལ་སློབ་གསོ་བཏང་ནས། བརྟན་བརླིང་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས།

              ཁུལ་སྲིད་གཞུང་གི་དྲུང་ཆེན་ཡུས་ཀོང་ཡ་ཡིས་ཕེབས་རོགས་ཞུས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།