རང་ཁུལ་གྱིས་ཟུང་ཆུ་རྫོང་དུ་2020ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   ཚེ་རིང་ལྷ་མོ། དུས་ཚོད།   2020-01-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ཟླ་1ཚེས་8ཉིན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་མཛད་པ་དང་། ཁུལ་རིམ་པའི་ལས་ཁུངས་ཁག་15ཡི་ཚན་རྩལ་དང་འཕྲོད་བསྟེན། བཅའ་ཁྲིམས་སོགས་ཀྱི་ཆེད་མཁས་པ་དང་རིག་གནས་སྒྱུ་རྩལ་པ་སོགས་ཀྱིས་མཉམ་སྒྲུབ་བྱས་པའི་རང་ཁུལ་གྱི་2020ལོའི་ལོ་སར་བསུ་བའི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས་གཤམ་སྤེལ་གསུམ་དང་བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་ཟུང་ཆུ་རྫོང་དུ་དངོས་སུ་སྤེལ་མགོ་ཚུགས་ཤིང་། དམུ་དགེ་གྲོང་རྡལ་དང་ཅིང་ཡིན་གྲོང་རྡལ་དུ་བསྐྱོད་དེ་སྤྲོ་དགའ་དང་ཐུགས་ཁུར་གཞི་རིམ་མང་ཚོགས་ལ་བསྐྱལ་ཏེ། དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་སར་དགའ་བས་བསུས།

             མིག་གི་དགའ་སྟོན་དང་རྣ་བའི་དཔྱིད་དུ་གྱུར་བའི་རིག་རྩལ་འཁྲབ་སྟོན་གྱིས་མི་དམངས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་ཕྲོག་ཅིང་། དགའ་སྤྲོའི་འབོད་པ་དང་ཐལ་མོ་རྡེབ་སྒྲ་ཟམ་མི་ཆད་པར་མཆེད་འོང་། མཛེས་ཤིང་ཡི་གར་འོང་བའི་གར་གྱི་སྟངས་སྟབས། སྙན་འཇེབས་རྣ་བར་སིམ་པའི་གླུ་སྒྲ་བཅས་ཀྱིས་ཚོགས་ར་ཧྲིལ་བོ་སྤྲོ་དགའི་ཉམས་ཀྱིས་ཕྱུག་པར་བྱས།

                ཐེངས་འདིའི་འཁྲབ་སྟོན་ལ་གཤམ་སྤེལ་གསུམ་གྱི་རུ་ཁག་གིས་གྲ་སྒྲིག་བྱས་པའི་ཞབས་བྲོ་དང་། རོལ་ཆས་མཉམ་དཀྲོལ། གླུ་གཞས་མཉམ་ལེན་དང་རྐྱང་ལེན། ད་དུང་ས་གནས་མང་ཚོགས་ཀྱི་སྐོར་བྲོ་དང་ཤོམ་འགྱུར་སོགས་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས།  ཐེངས་འདིའི་འཁྲབ་སྟོན་གྱིས་སྡེ་དམངས་རྣམས་ལ་རང་ཁྱིམ་གྱི་སྒོ་ཁ་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་ཉམས་སུ་མྱོང་ཐུབ་པར་བྱས་པས། རིག་གནས་འཕེལ་རྒྱས་ཀྱི་འབྲས་བཟང་དངོས་སུ་མིག་མཐོང་ལག་ཟིན་དུ་གྱུར།

        བྱེད་སྒོའི་ཡུལ་དངོས་སུ། ཚན་རིག་ལག་རྩལ་པ་དང་སྨན་བཅོས་ཆེད་མཁས་པ་རྣམས་ཀྱིས་ས་གནས་དེ་གའི་མང་ཚོགས་རྣམས་ལ་ཚན་རྩལ་བློ་འདྲི་དང་སྨན་བཅོས། བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག སོགས་དམངས་ཕན་ཞབས་ཞུ་མང་པོ་མཁོ་འདོན་བྱས་པར་མ་ཟད། ད་དུང་ཡུལ་དངོས་སུ་དཔྱད་ཡིག་སྟེར་བ་དང་། དཔེ་དེབ་སྤྲོད་པ། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ།

            མང་ཚོགས་དང་འབྲེལ་འདྲིས་ལ་ཤུགས་སྣོན་ཆེད། ལས་བཟོ་བས་ཡུལ་དངོས་ནས་ཁོ་ཚོ་ལི་ཐོ་དང་དཔྱིད་བསུའི་སྨོན་ཚིག་སོགས་བྱིན་ཞིང་། ཁེད་འཇོག་པ། མིག་བསུམ་ནས་རྔ་རྡུང་བ། ཐག་མཆོང་སོགས་རྩེད་འཇོའི་རིགས་ཀྱི་བྱེད་སྒོ་སྤེལ་བས། སྤྲོ་བས་བརྟས་པའི་མང་ཚོགས་རྣམས་ཀྱིས་གྲལ་ཤར་རིང་བོ་བསྒྲིགས་ཏེ་རྩེད་མོར་ཞུགས། ཁེད་ཤེས་སོང་བའི་བྱ་དགའ་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་དེབ་ཆུང་བྱིན་ཞིང་། མང་ཚོགས་ལ་རྩེད་མོའི་ལམ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་རྒྱུས་ལོན་བྱ་ཐུབ་པ་བྱུང་། ཡུལ་དངོས་སུ་བྲིས་དང་རི་མོའི་ལམ་ནས་ལོ་སར་བསུ་བའི་སྨོན་ཚིག་གནང་།

            གཤམ་སྤེལ་གསུམ་གྱི་བྱེད་སྒོ་ནི་མང་ཚོགས་ཀྱི་འདོད་མོས་ལྟར་དུ་སྲིད་ཇུས་དང་། ཁྲིམས་ལུགས། ཚན་རྩལ། འཕྲོད་བསྟེན། རིག་གནས་ཤེས་བྱ་སོགས་མང་ཚོགས་འགྲམ་དུ་སྐྱེལ་བ་དང་། རིག་གནས་འཛུགས་སྐྲུན་གྱིས་འཕེལ་རྒྱས་སྟོབས་ཤུགས་ཆིག་སྒྲིལ་བྱས་ཤིང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་འཚོ་བ་བསྐྲུན་པའི་ཆོད་སེམས་དང་ཡིད་ཆེས་ལ་སྔར་ལས་ལྷག་པའི་སྐུལ་སློང་བྱས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།