རྒྱང་སྒྲོག་བརྙན་འཕྲིན་དར་བ་ཡིས།། དམངས་ཀྱི་འཚོ་བ་ཕུན་སུམ་ཚོགས།།

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དབང་གྲགས་ལ་བཅར་འདྲི་བྱས།

རྩོམ་པ་པོ།   ནོར་བུ་ཚེ་རིང་།དུས་ཚོད།   2020-01-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སྤྱི་ལོ་2020ལོའི་ཟླ་1ཚེས་10ཉིན།ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་དབང་གྲགས་ལ་རྔ་བ་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་སྐོར་ནས་བཅར་འདྲི་བྱས། གསར་འགོད་པས་ཨུ་ཡོན་དབང་གྲགས་ལ་ཁོ་རང་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་འདས་པའི་ལོ་ངོ་གཅིག་རིང་གི་རྔ་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་འཕེལ་རྒྱས་སྐོར་འདྲི་སྐབས།ཨུ་ཡོན་དབང་གྲགས་ཀྱིས།ང་རང་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་ཀར་ཞུགས་ནས་མི་ལོ་བཅུ་གསུམ་ལྷག་འགོར་གྱིན་འདུག ལོ་ངོ་བཅུ་གསུམ་གྱི་རིང་དུ་གསར་འགྱུར་དང་ཆེད་སྒྲིག་རྩོམ་འབྲི་དང་རྒྱང་སྒྲོག མུ་འབྲེལ་བརྙན་འཕྲིན་སྐད་སྦྱོར། འཕྲིན་སྟེགས་རྩོམ་སྒྲིག་སོགས་ཀྱི་ལས་རྐང་འདི་རྒྱུན་བསྐྱངས་ནས་ཡོང་བ་ཡིན།

            ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རྔ་བ་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་བྱེད་ཐབས་དང་ཇུས་གཞི་བཟོས་ནས་ཁུལ་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་བསྐྲུན་དང་དབུལ་བྲལ་གནད་སྒྲོལ་ལ་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཡོད་པ་དང་། རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་གྲུབ་འབྲས་མི་དམན་པ་བླངས་ཡོད་དེ། འདས་པའི་ལོ་ངོ་གཅིག་རིང་དུ་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་དང་འགོ་ཁྲིད་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་འོག་ང་ཚོའི་བརྙན་འཕྲིན་ཁང་གི་བོད་སྐད་ལེ་ཚན་གྱི་སྤྱིའི་སྒྲོམ་གཞིར་བཅོས་བསྒྱུར་བཏང་ནས་རྔ་བའི་བོད་སྐད་འཕྲིན་ལམ་ཤར་གཏོང་བྱེད་པ་དང་། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་རང་གི་རིག་གནས་ཀྱི་བྱེད་སྒོ་དང་སྲིད་ཇུས་དྲིལ་སྒྲོག ཆ་འཕྲིན་འདོན་སྤེལ་སོགས་བོད་སྐད་ཀྱི་སྤྱན་སྔར་འབུལ་ཐུབ་པ་བྱུང་ཡོད།ཅེས་བཤད།

           ཡང་ཁོས་མུ་མཐུད་དུ་བཤད་རྒྱུར། རྒྱང་སྒྲོག་བརྙན་འཕྲིན་གྱིས་འདུ་ཤེས་འཛིན་སྟངས་ཀྱི་འགན་ནུས་གལ་ཆེན་ཁུར་ཡོད་ལ། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་གལ་ཆེན་ཡིན་པར་མ་ཟད། རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན་པས། ལས་གྲོགས་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་འོག བོད་སྐད་འཕྲིན་ལམ་ཞེས་པཀུན་གྱི་སྤྱན་སྔར་འབུལ་ཐུབ་པར་བྱུང་། འདི་ནི་རང་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་སྔོན་ཆད་བླངས་མ་མྱངས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། རྔ་ཁུལ་ལ་མཚོན་ན་མི་གྲངས་ཁྲི་དགུ་བཅུ་ལྷག་ཡོད་ལ། དེའི་ནང་དུ་བོད་མི་རིགས་ཀྱིས་བརྒྱ་ཆ་ང་བརྒྱད་ལྷག་ཟིན་པ་རེད། འདི་ལྟ་བུའི་མི་རིགས་ས་ཁུལ་ཞིག་ལ་མཚོན་ན། མི་རིགས་རིག་གནས་ཀྱིས་མི་རིགས་ས་ཁུལ་ལ་ཞབས་འདེགས་བྱས་ཏེ་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པས། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལ་མཚོན་ལ་བོད་སྐད་ཀྱི་ལེ་ཚན་ཇེ་མང་དུ་གཏོང་བ་དང་གཏོང་ཡུན་ཇེ་རིང་དུ་གཏོང་བ། ནང་དོན་སྣ་མང་ཅན་དུ་གཏོང་དགོས། མི་རིགས་ས་ཁུལ་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་གཞན་ད་དུང་མི་རིགས་རང་སྐྱོང་བཅའ་ཁྲིམས་དང་བོད་སྐད་བོད་ཡིག་གི་སྲོལ་ཡིག་སོགས་ཁྲིམས་མཐུན་གྱི་ཁེ་དབང་མང་བོ་ལོངས་སུ་སྤྱོད་ཆོག་པའི་དབང་ཆ་ཡོད་པས། དེང་རབས་ཀྱི་ཚན་རྩལ་གསར་བར་བརྟེན་ནས་མི་རིགས་རང་གི་རིག་གནས་དར་རྒྱས་བཏང་སྟེ་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བ་གལ་ཆེན་ཡིན་པས། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པ། དབུལ་སྐྱོར་གནད་སྒྲོལ་གྱི་བྱ་གཞག་ལས་རྣམ་པར་རྒྱལ་ཏེ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་སྐད་འཕྲིན་ལམ་ཤར་གཏོང་བྱས་པ་ཡིན། འཕྲིན་ལམ་འདིར་ཏང་སྲིད་དང་སྤྱི་ཚོགས་སོགས་ཀྱི་གསར་འགྱུར་བཀོད་པའི་གསར་འགྱུར་ཀུན་མཐོང་དང་རིག་གནས་ལོ་རྒྱུས་སོགས་སྣ་འཛོམས་རང་བཞིན་གྱི་ལེ་ཚན་དག་ཞིང་གི་རྔ་བ་ཞེས་པའི་ལེ་ཚན་གཉིས་ཀྱི་ཁར་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་ཤེས་བྱར་སློབ་སྦྱོང་བྱ་སའི་ཁྲིམས་ལུགས་ཤེས་བྱའི་ལེ་ཚན། གླུ་གར་སྒྱུ་རྩལ་གྱི་མཛེས་པ་ངོམ་སའི་དབྱངས་ཀྱི་འགྱུར་ཁུགས་ཞེས་པའི་ལེ་ཚན་སོགས་ལེ་ཚན་གསར་བ་གཉིས་གསར་དུ་བསྣན་ནས་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་སྐོང་ཅི་ཐུབ་བྱས་དང་བྱེད་བཞིན་ཡོད། ཅེས་དབང་གྲགས་ཀྱིས་རྔ་བ་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་ཐད་ཀྱི་གྲུབ་འབྲས་དེ་དཔེ་མཚོན་ལྡན་པའི་སྒོ་ནས་ངོ་སྤྲོད་བྱས།

       གསར་འགོད་པས་རྔ་བ་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་མ་འོངས་པའི་ལས་དོན་འཕེལ་རྒྱས་གཏོང་སྐོར་ཐད་ཁྱེད་ཀྱིས་ཚོགས་ཆེན་གཉིས་ཀྱི་གོ་སྐབས་བརྒྱུད་ནས་བསམ་འཆར་དང་སྙན་ཞུ་ཅི་ཞིག་འབུལ་འདོད་ཡོད་པར་འདྲི་དུས། ཨུ་ཡོན་དབང་གྲགས་ཀྱིས། རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བ་འདི་ཆེད་ལས་ཀྱི་རང་བཞིན་ངེས་ཅན་ལྡན་པའི་ལས་སྒོ་ཞིག་རེད། ང་ཚོའི་ལས་སྒོ་འདི་ན་ཡོད་པ་མང་ཕྱོགས་ཤིག་གིས་ཆེད་ལས་ཀྱི་སློབ་སྦྱོང་བྱས་མེད་པར་དགེ་རྒན་དང་རྩོམ་རིག གསོ་རིག་སོགས་ཀྱི་ཆེད་ལས་ཅན་དག་འདིར་ཡོང་ནས་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་ཀ་སྒྲུབ་བཞིན་ཡོད། འདིས་ང་ཚོའི་བོད་སྐད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཡར་རྒྱས་གོང་འཕེལ་འགྲོ་ཐུབ་མིན་ལ་དྲི་བ་གལ་ཆེན་ཞིག་བཏོན་ཡོད་པས་འདིར་རང་གཞན་ཀུན་གྱིས་བསམ་བློ་གཏང་དགོས་རྒྱུ་རེད། དེ་བཞིན་ང་རང་བོད་སྐད་བོད་ཡིག་གི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་བོད་སྐད་བོད་ཡིག་གི་སྲོལ་ཡིག་གི་དགོངས་དོན་ལྟར་མི་རིགས་ཀྱི་སྐད་དང་ཡི་གེས་མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་དབུལ་བྲལ་གནད་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ཞབས་ཞུ་བསྒྲུབ་དགོས། དེའི་ཕྱིར་བོད་སྐད་བོད་ཡིག་གི་བརྙན་འཕྲིན་དང་ཚགས་པར་སོགས་གཙོ་བྱས་ཏེ་བརྡ་ཆད་གཅིག་གྱུར་དང་སྒོ་བྱང་སོགས་ཚད་ལྡན་དུ་གཏོང་བའི་ཐད་འབྲེལ་ཡོད་སྡེ་ཁག་གིས་འགན་ཁུར་བ་ལས་གཞན་ཆེད་མཁས་ཚན་པར་བརྒྱུད་བོད་སྐད་ཡིག་ཚད་ལྡན་ངང་བེད་སྤྱོད་དང་དོ་དམ་བྱེད་དགོས་པའི་སྐོར་གྱི་གྲོས་གཞི་ཡང་འདོན་འཆར་ཡོད་དོ།།   

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།