རྔ་ཁུལ་གྱི་ཚོགས་ཆེན་གཉིས་སུ་ཡིག་གཟུགས་སོགས་འགྲེམ་སྟོན་བྱས།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-01-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་དུ།  ཁུལ་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བར་གསེང་གི་ཁོམ་སྐབས་རེ་སྤྱད་ནས་གཅིག་རྗེས་གཉིད་མཐུད་དུ་འགྲོ་བཞིན་འདུག་ལ། འབར་ཁམས་ས་ཁུལ་གྱི་མང་ཚོགས་རྣམས་ཀྱིས་ཀྱང་བྲེལ་འཚུབ་ཀྱི་གོམ་སྟབས་བསྒྱུར་ནས་འགྲོ་བཞིན་འདུག རྒྱུས་ལོན་པ་ལྟར་ན། དེ་ནི་ཟླ་1ཚེས་9ཉིན་ནས་བཟུང་། ཁུལ་ཚོགས་ཆེན་གཉིས་ཀྱི་སྐབས་སུ་རྔ་བ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་མཛེས་རྩལ་དང་ཡིག་གཟུགས།པར་རིས་བཅས་སྒྱུ་རྩལ་བརྩམས་ཆོས་ཕུན་སུམ་ཚོགས་པ་འགྲེམ་སྟོན་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན། མང་ཚོགས་རྣམས་ཀྱིས་སྒྱུ་རྩལ་གྱི་མཛེས་པ་ལོངས་སུ་སྤྱད་ནས། རྔ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བདེ་སྐྱིད་ཀྱི་འཚོ་བ་སོགས་མྱོང་རོལ་ཐེངས་ཤིག་བྱེད་དུ་གཞུག་རྒྱུ་དེ་རེད།

           ཤེས་གསལ་ལྟར་ན། དེ་ནི་རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ཀྱིས་སྒྲུབ་གཙོ་བྱེད་པ་དང་། རྔ་བ་ཁུལ་རིག་གནས་ཁང་དང་། རྔ་བ་ཁུལ་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་། རྔ་བ་ཁུལ་བྲིས་མཁན་མཐུན་ཚོགས།  རྔ་བ་ཁུལ་མཛེས་རྩལ་པའི་མཐུན་ཚོགས། རྔ་བ་ཁུལ་པར་ལེན་མཁན་གྱི་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་དོམ་ཁྲའི་ཁྱིམ་གཞིས། དག་གཙང་གི་རྔ་ཁུལ་ཞེས་པ་བརྗོད་གཙོར་བཟུང་བའི་མཛེས་རྩལ་དང་ཡིག་གཟུགས་པར་ལེན་གྱི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་ཐེངས་ཤིག་རེད་ལ། ཚོགས་ཆེན་གཉིས་ལ་ཕུལ་བའི་ལེགས་སྐྱེས་ཁྱད་དུ་འཕགས་པ་ཞིག་ཀྱང་རེད།

          ད་ཐེངས་ཀྱི་འགྲེམ་སྟོན་དུ་རྔ་བ་ཁུལ་གྱི་སྐབས་དང་བོའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས། ལྗང་མདོག་གི་འཚོ་བ་ཞེས་པའི་ཁོར་ཡུག་སྲུང་སྐྱོང་གི་པར་ལེན་འགྲན་སྡུར་ཆེན་མོའི་བརྩམས་ཆོས་ཁག་གཅིག་དམིགས་སུ་བདམས་ནས་བཤམས་ཡོད་ལ།  བརྩམས་ཆོས་དེ་དག་ལས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་འཛུགས་སྐྲུན་ལ་བཅངས་པའི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་སྟོབས་མཚོན་ཡོད་ལ། འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་རོགས་རེས། འཆམ་མཐུན་མཉམ་གནས་བཅས་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ཇི་མ་ཇི་བཞིན་དུ་མཚོན་ཡོད་པར་མ་ཟད། རྔ་ཁུལ་གྱི་གཟི་རྩ་སྡེ་དགུ་དང་། དོམ་ཁྲ། རྩྭ་ཐང་དང་རྒྱང་སྐྱོད། གངས་རི་དང་འཁྱགས་ཀླུང་། ནགས་ཁྲ་དང་ས་འགུལ་གྱི་རྗེས་ཤུལ། ཏ་ཡུས་ཀྱི་ཕ་ཡུལ་བཅས་རིག་གནས་ལྗོངས་སྐོར་གྱི་གསོན་ཉམས་ལྡན་པའི་པར་རིས་མང་བོ་འགྲེམ་སྟོན་བྱས་ཏེ། རྔ་ཁུལ་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་། སྐྱེ་ཁམས་རིག་གནས་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་སྒྱུ་རྩལ་གྱི་ལམ་ནས་གསལ་བོ་མཚོན་ཡོད།


         ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་དབང་གྲགས་ཀྱིས་ད་ཐེངས་ཀྱི་འགྲེམ་སྟོན་གྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་ཡོད་ལ། སྒྱུ་རྩལ་གྱི་མཚོན་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་འགྲོས་དང་བསྟུན་པ། ཁྱིམ་གཅེས་རྒྱལ་གཅེས་ཀྱི་བླ་ན་མེད་པའི་བསམ་བློ་ཞིག་ཀྱང་མཚོན་པས་སྒྱུ་རྩལ་གྱི་མཛེས་པ་འཛད་དུ་མེད་པར་ལོངས་སུ་སྤྱོད་ཆོག་ཅེས་གསར་འགོད་པར་བཤད་བྱུང་།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།