ཕྲུ་གུ་འདི་དག་སློབ་གྲྭར་འགྲོ་བར་གོམ་པ་ཁྲི་6བསྐྱོད་དགོས།

རྩོམ་པ་པོ།   དུས་ཚོད།   2020-01-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

            ཁྱེད་རང་གིས་ཡུན་ནན་ཞིང་ཆེན་ཀྲེན་ཞུང་རྫོང་ཧོང་ལེན་སློབ་ཆུང་གི་བྱིས་པ་སློབ་གྲྭར་འགྲིམ་པར་དཀའ་ཁག་གང་འདྲ་ཡོད་པ་ཤེས་སམ། ས་གནས་དེ་གའི་སློབ་ཆུང་སློབ་མ་200ཙམ་གྱིས་སློབ་སྦྱོང་བྱ་ཆེད། དགུན་ཁའི་ཐོ་རེངས་ཆུ་ཚོད་5པར་མལ་ལས་ལངས་དགོས་ཤིང་། དེའི་ནང་ནས་སློབ་མ་ཁག་ཅིག་གིས་དཔལ་འབར་དང་ལག་ཁྱེར་གློག་སྒྲོན་འཁྱེར་ནས་འགྲོ་བཞིན་ཡོད། སློབ་མ་མང་ཆེ་བ་ནི་གཞིས་ལུས་བྱིས་པ་ཡིན་ཞིང་ཕ་མ་གཉིས་ཡུལ་ཕྱོགས་གཞན་ལ་ལས་ཀར་ཕྱིན་ཡོད། 

          ཡུན་ནན་ཞིང་ཆེན་ཀྲེན་ཞུང་རྫོང་ཧོང་ལེན་སློབ་ཆུང་གི་ས་བབ་མཐོ་ཚད་སྨི་2100ཡིན་ཞིང་། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད་ཏུའུ་10ལས་ཟིན་གྱི་མེད། སློབ་མ་མང་པོ་ཞིག་སློབ་གྲྭར་འགྲིམ་ཆེད་ཐོ་རེངས་སུ་མལ་ལས་ལངས་ཏེ་རྐང་ཐང་དུ་གོམ་པ་ཁྲི་ལྷག་བསྐྱོད་རྗེས་ད་གཟོད་སློབ་གྲྭར་འབྱོར་བཞིན་ཡོད།

         དེ་དག་ལས་ཐག་རིང་ཤོས་ཀྱི་སློབ་མ་ཚོ་རི་ལམ་བརྒྱུད་དེ་ཆུ་ཚོད་གསུམ་བཞི་ཙམ་འགྲོ་དགོས་པ་དང་ལམ་ཐག་ལ་སྤྱི་ལེ་14ཙམ་ཡོད། དགུན་ཁར་བ་མོ་ཆེ་བ་དང་ས་ཆ་ཁ་ཤས་ཀྱི་ལམ་ཧ་ཅང་དོག་པས།  གཟབ་གཟབ་མ་བྱས་ཚེ་ས་ལ་འགྱེལ་ཉེན་ཆེ། 

         སློབ་མ་དག་ལས་ལོ་ན་ཆུང་ཤོས་ཀྱི་ཕྲུ་གུ་ལོ་6ལས་ལོན་མེད་ཅིང་། ཉིན་གཅིག་ལ་སློབ་གྲྭར་ཕར་འགྲོ་ཚུར་འོང་བྱེད་པར་གོམ་པ་ཁྲི་6ལྷག་ཙམ་སྐྱོད་དགོས་ཀྱི་ཡོད།  སློབ་གྲྭར་འགྲོ་བའི་དུས་ཚོད་དེ་ཐ་ན་སློབ་གྲྭར་སློབ་སྦྱོང་བྱེད་པའི་དུས་ཚོད་ལས་ཀྱང་བརྒལ་ཡོད་མོད། འོན་ཀྱང་ད་ལྟ་གནས་ཚུལ་དེར་འགྱུར་ལྡོག་དགའ་འོས་པ་བྱུང་ཡོད། 

         སློབ་མ་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ལ་མཱ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པའི་དོ་ཁུར་ཐེབས་པ་དང་། མཱ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པས་ས་གནས་དེ་གར་རྟོག་ཞིབ་ཐེངས་མང་བྱས་རྗེས། མཐར་ཕྲུ་གུ་ཚོར་ཞག་སྡོད་ཉལ་ཁང་དང་ལེ་ལག་ཚང་བའི་སྒྲིག་བཀོད་རབ་དང་རིམ་པ་བསྐྲུན་རོགས་བྱས་ཏེ།  ད་ཆ་སློབ་གྲྭ་སྒྱུར་བཀོད་འཛུགས་སྐྲུན་ལེགས་གྲུབ་ཟིན་པས། སློབ་མ་ཚོ་དྲོ་ཞིང་གཙང་བའི་ཉལ་ཁང་དུ་སྡོད་ཐུབ་པ་བྱུང་།

         དེ་དང་ཆབས་ཅིག་སློབ་གྲྭ་ལ་ད་དུང་དཔེ་ཀློག་ཁང་དང་། ཚན་རིག་ཚོད་ལྟ་ཁང་། མཛེས་རྩལ་ཁང་། གཞིས་ལུས་བྱིས་པའི་གཉེན་ཉེ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་མ་ཚོས་སློབ་གསེང་སྐབས་རང་ཉིད་ཀྱི་དགའ་ཕྱོགས་ཡར་རྒྱས་སུ་བཏང་ཆོག

        སློབ་གྲྭ་སྒྱུར་བཀོད་བྱས་རྗེས་སློབ་གྲྭའི་དགེ་རྒན་ཚོས་རྟག་ཏུ་བྱིས་པ་ཚོར་རོལ་དབྱངས་སློབ་ཚན་ཁྲིད་པ་དང་།  དགའ་ཕྱོགས་གསོ་སྐྱོང་བྱེད་ཀྱི་ཡོད་པས། སློབ་གྲྭའི་སྒྲིག་བཀོད་ལེགས་པོས་སློབ་མ་200ལྷག་ཙམ་ལ་ཕན་པ་ཐོགས་ཡོད་ཅིང་། སློབ་མཚམས་བཞག་པའི་བྱིས་པ་ཁག་ཅིག་ཀྱང་སློབ་གྲྭ་གསར་པར་ཕྱིར་ལོག་པ་དང་། ས་ཆ་གཞན་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་བཅུ་ལྷག་ཙམ་གྱིས་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཉལ་ཁང་མཐོང་བ་ན། ཕ་ཡུལ་དུ་ལོག་ནས་རང་ཁྱིམ་དང་ཐག་ཉེ་ས་ནས་སློབ་གྲྭར་འགྲིམ་བཞིན་ཡོད།

          ཡུན་ནན་ཞིང་ཆེན་ཀྲེན་ཞུང་རྫོང་ཧོང་ལེན་སློབ་ཆུང་དུ་ད་ཆ་དགེ་རྒན་བཅུ་གསུམ་ཡོད་ཅིང་། དགེ་རྒན་ཚང་མས་སློབ་ཁྲིད་ཀྱི་ལས་འགན་འཁུར་དགོས་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པའི་ཕོ་བྲང་གི་སྤྲོ་སྣང་སློབ་ཚན་ཡང་ཟུར་ཁྲིད་བྱེད་བཞིན་ཡོད་ལ་འཚོ་བའི་དགེ་རྒན་ཡང་ཡིན། ཞག་སྡོད་ལམ་ལུགས་ལག་བསྟར་བྱས་རྗེས་ཕྲུ་གུ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་དང་བྱ་སྤྱོད་ཀྱི་གོམས་གཤིས་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། 

          དེ་སྔ་ཉིན་ལྟར་རི་ལམ་དུ་གོམ་པ་ཁྲི་6སྐྱོད་དགོས་པའི་ཕྲུ་གུ་ད་ཆ་གཟའ་འཁོར་རེར་ཐེངས་གཅིག་མ་གཏོགས་འགྲོ་དགོས་ཀྱི་མེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།