བཀྲ་ཤིས་ཆོས་གོ་སོཊ་ལ་མཱ་ཡོན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་ཐོབ།

རྩོམ་པ་པོ།   དུས་ཚོད།   2020-01-08   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

          ཟླ་1ཚེས་6ཉིན་གྱི་དགོང་མོར། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་མཱ་ཡོན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་སན་ཡ་གྲོང་ཁྱེར་དུ་འཚོགས་པ་དང་། ད་ལོར་བྱ་དགའ་ཐོབ་པའི་གྲོང་གསེབ་ཀྱི་དགེ་རྒན་100ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་24ནས་ཡིན་པ་དང་། ཆ་སྙོམས་ལོ་ཚད་39ཡིན་ལ་ཆུང་ཤོས་ནི་ལོ་23ཡིན།

         ཁེ་ལས་པ་གྲགས་ཅན་དང་། འཁྲབ་སྟོན་པ་དང་གཞས་པ་གཞས་མ་གྲགས་ཅན།  དང་བླངས་པ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་1500ལྷག་གིས་རང་གི་འགྲོ་སོང་བཏང་ནས་བྱ་དགའ་སྤྲོད་ཡུལ་དུ་ཕེབས་ཏེ། སྤྱི་ཕན་བྱ་གཞག་དང་གྲོང་གསེབ་ཀྱི་དགེ་རྒན་རྣམས་ལ་རྒྱབ་སྐྱོར་བྱས་འདུག

        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྲི་གུ་སློབ་ཆུང་གི་དགེ་རྒན་པ་སངས་ནོར་བུ་དང་། སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་རྨེ་རུ་མའི་ལྟེ་གནས་སློབ་ཆུང་གི་དགེ་རྒན་བཀྲ་ཤིས་ཆོས་གོ། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་གཅོད་པ་ཚེ་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་སྨར་འབྲིང་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་གི་དགེ་རྒན་པད་མ་རྡོ་རྗེ་སོགས་བོད་ཀྱི་དགེ་རྒན་ཁག་ཅིག་ལའང་བྱ་དགའ་འདི་ཐོབ་འདུག

བྱ་དགའ་ཐོབ་མཁན་རྔ་བ་རྫོང་རྨེ་རུ་མའི་ལྟེ་གནས་སློབ་ཆུང་གི་དགེ་རྒན་ནམ་སློབ་གཙོ་བཀྲ་ཤིས་ཆོས་གོ།

          བྱ་དགའ་ཐོབ་པའི་དགེ་རྒན་རྣམ་པ་ནི་གྲོང་གསེབ་སློབ་གསོའི་བྱ་གཞག་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་མཁན་དང་། སློབ་གསོའི་ཐབས་ཤེས་ལེགས་པོ་ལྡན་ཞིང་སློབ་གྲྭ་དང་ས་གནས་སུ་མཚན་སྙན་ཡོད་པ། ཡུལ་མི་ཀུན་གྱིས་གུས་བཀུར་ཐོབ་མཁན་ཤ་སྟག་ཡིན་ཞིང།  ཁོང་ཚོས་དུས་ཡུན་རིང་བོར་གྲོང་གསེབ་ཏུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། ཡུལ་བབ་དང་བསྟུན་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སློབ་གསོའི་ལས་དོན་སྤེལ་ཡོད་པ་དང་། ཁོང་ཚོ་ནི་མ་རིག་མུན་པ་སེལ་བའི་སྒྲོན་མེ་རེ་རེ་དང་འདྲ་བར་ཀྲུང་གོའི་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་རེ་བའི་འོད་སྣང་ཆད་མེད་དུ་བསྩལ་དང་སྩོལ་བཞིན་ཡོད།

          མཱ་ཡོན་གྲོང་གསེབ་སློབ་གསོའི་བྱ་དགའ་རབ་དང་རིམ་པ་སྤྲད་ནས་ད་བར། གྲོང་གསེབ་ཀྱི་དགེ་རྒན་500དང་། གྲོང་གསེབ་ཀྱི་སློབ་གཙོ་60། དེ་བཞིན་གྲོང་གསེབ་ཀྱི་དགེ་འོས་སློབ་མ་200བཅས་ལ་རོགས་དངུལ་སྤྲད་ཡོད་པ་དང་། གྲོང་གསེབ་ཀྱི་བྱིས་པ་འབུམ་1ཙམ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་ལ། བྱ་དགའ་སྤྲད་ཡུལ་གྱི་དགེ་རྒན་ཡོངས་ལས་79%ཙམ་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ནས་ཡིན།

མཱ་ཡོན་གྲོང་གསེབ་དགེ་རྒན་གྱི་བྱ་དགའ། 

          གྲོང་གསེབ་དགེ་རྒན་གྱི་མིག་དཔེ་བཟང་པོ་སྟོན་པ་དང་། གྲོང་གསེབ་དགེ་རྒན་གྱི་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་དར་སྤེལ་གཏོང་བ། གྲོང་གསེབ་དགེ་རྒན་གྱི་སློབ་གསོའི་ལག་ལེན་ལ་སྐུལ་ལྕག་གཏོང་བ། གྲོང་གསེབ་སློབ་གསོའི་རྐང་འཛིན་སྟོབས་ཤུགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་བཅས་ཀྱི་ཆེད་དུ། མཱ་ཡོན་སྤྱི་ཕན་ཐེབས་རྩ་ཚོགས་པས་གྲོས་མགོ་བཏོན་ཞིང་པེ་ཅིང་དགེ་འོས་སློབ་ཆེན་གྱི་ཀྲུང་གོའི་སློབ་གསོ་གསར་གཏོད་ཞིབ་འཇུག་ཁང་དང་། ཁྲུན་ཁྲེང་དགོང་དྲོའི་ཚགས་པར། ཀུའུ་དབྱང་གྲོང་ཁྱེར་ཚགས་པར་ཁང་སོགས་སྨྱན་སྦྱོར་ཚན་ཁག་དྲུག་བཅས་ཀྱིས་མཉམ་འབྲེལ་སྒོས་2015ལོའི་ཟླ་9པར་སྐབས་དང་པོའི“མཱ་ཡོན་གྲོང་གསེབ་དགེ་རྒན་གྱི་བྱ་དགའི”དཔྱད་འདེམ་བྱེད་སྒོ་སྤེལ་མགོ་ཚུགས།

             མཱ་ཡོན་སྤྱི་ཕན་ཐེབས་རྩ་ཚོགས་པས་བྱ་དགའ་དེ་འཛུགས་པའི་དམིགས་ཡུལ་ནི་ཕུལ་བྱུང་གི་གྲོང་གསེབ་དགེ་རྒན་བཙལ་ཏེ། ཁོང་ཚོའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུའི་བླ་མེད་ཀྱི་སྙིང་སྟོབས་སྔར་བས་འདོན་སྤེལ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་སློབ་གྲྭར་གསོན་ཤུགས་འཕེལ་བ་དང་། གྲོང་གསེབ་ཀྱི་བྱིས་པར་སྔར་བས་ལེགས་པའི་སློབ་གསོ་ལོངས་སྤྱོད་ཐུབ་པ་བྱ་ཆེད། དཔྱད་འདེམ་བྱས་པ་བརྒྱུད་གྲོང་གསེབ་ཀྱི་སློབ་གསོའི་གསར་གཏོད་གྲུབ་འབྲས་ཤེས་རྟོགས་དང་བརྒྱུད་སྤེལ་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་གསོ་གསར་གཏོད་དང་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ།  སྤྱི་ཚོགས་ཀྱིས་གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱུས་ལོན་བྱེད་ཚད་སྔར་ལས་ཇེ་ཟབ་གཏོང་བ། སྤྱི་ཚོགས་ཀྱིས་གྲོང་གསེབ་ཀྱི་སློབ་གསོར་དོ་ཁུར་སྔར་བས་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་མི་སྣ་སྔར་ལས་མང་པོ་གྲོང་གསེབ་ཀྱི་སློབ་གསོའི་ནང་ཞུགས་པ་དང་གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་ལས་དོན་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ནས། སྤྱི་ཚོགས་ཀྱི་དྲང་བདེན་དང་འདྲ་མཉམ་ལ་སྐུལ་འདེད་གཏོང་ཆེད་བཅས་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།