སྡོམ་པ་སྲུང་བ།

རྩོམ་པ་པོ།   གླེ་གཞུག་པད་མ་སྐྱབས། དུས་ཚོད།   2020-01-07   རྩོམ་ཁུངས།   

         ཞོགས་པའི་བསང་དྲི་དང་ལྷན་དུ་མུ་ཏིག་དགོན་པའི་ཨ་ཁུ་བསྟན་འཛིན་གྱིས་དུས་རྒྱུན་ལྟར་ཁ་ཏོན་འདོན་ཞོར་མིག་གིས་ཅི་ཞིག་ལ་རེ་སྒུག་བྱེད་པ་བཞིན་སྒེའུ་ཁུང་ལས་ན་མོ་རི་བོའི་ཕྱོགས་སུ་བལྟས་ཏེ་ལག་གི་དྲིལ་བུ་དཀྲོལ་གྱིན་འདུག དྲིལ་བུ་ཡི་སིལ་སྒྲ་སྙན་མོ་དེའང་སྐྱི་བསེར་རླུང་དང་བསྡེབས་ནས་མདུན་ཕྱོགས་ཀྱི་གྲམ་ཆུའི་བཞུར་སྒྲ་དང་བསྟུན་ནས་ན་མོ་རི་བོའི་ཕྱོགས་སུ་འཐིམས།

       “ཨ་ཁུ་ལགས།ང་སྒྲོལ་མ་ཡིན།” ཞེས་བུ་མོ་ཞིག་གིས་དབུགས་འཚང་འཚང་ངང་སིལ་ཏོག་ཁུག་མ་གང་ཁྱེར་ནས་ནང་སྒོ་ལས་འཛུལ་ཡོང་།ཨ་ཁུ་བསྟན་འཛིན་གྱི་གདོང་མ་གཞི་ནས་དམར་ནག་ཅིག་ཡིན་ཁར་སྒྲོལ་མའི་སྐད་ཆ་དེ་ཐོས་མ་ཐག་ཇེ་དམར་ནས་ཇེ་ནག་ཏུ་གྱུར་ཏེ་རེ་ཞིག་དགུན་གྱི་ཁུ་བྱུག་བཞིན་ཁ་རོག་གེར་བསྡད་ནས་ལག་གི་དྲིལ་བུའང་དཀྲོལ་མཚམས་བཞག་ནའང་།སུ་ཞིག་གིས་རྐང་རྩེད་སྤོ་ལོར་རྡོག་རྫིས་བྱེད་པ་བཞིན་སྙིང་གི་འཕར་ལྡིང་གིས་ལྷིང་འཇགས་ཀྱི་ཁོར་ཡུག་དེ་ཡུན་གྱིས་དཀྲོགས་བྱུང་།           “དགའ་བསུ་བྱེད་མི་འདོད་དམ། དགའ་བསུ་མི་བྱེད་ན་ང་རང་ཕྱིར་འགྲོ་རྒྱུ་ཡིན”ཞེས་སྒྲོལ་མའི་ཐེ་ཚོམ་ཅི་ཡང་མེད་པར་དེ་ལྟར་བཤད། ཨ་ཁུ་བསྟན་འཛིན་གྱིས་ངག་ལྐུགས་པའི་བྱིས་པ་བཞིན“མ་རེད།དགའ་བསུ་ལོས་བྱེད”ཅེས་བཤད་ཞོར་གདོང་ནས་འཛུམ་མདངས་དང་སྐྲག་སྣང་འདྲེས་མ་ཞིག་མངོན།ཉི་མ་ན་མོ་རི་རྩེ་ལས་འཕགས་ཏེ་ཞོགས་པའི་སྨུག་སྤྲིན་དང་བསྡེབས་ནས་མཚམས་སྤྲིན་དང་བཅས་མུ་ཏིག་དགོན་པར་ཤར་བྱུང་།

          སྒྲོལ་མའི་མྱོས་བུམ་ཟུང་གི་གཡོ་འགུལ་དང་མཁུར་ཚོས་ཀྱི་དམར་མདངས།སྒེག་ཉམས་ལྡན་པའི་གོམས་སྟབས་བཅས་ཀྱིས་ཤཱཀྱ་ཐུབ་པ་ཡིན་ཡང་འདོད་པའི་སྤུ་ལོངས་རྒྱས་ནུས་ལ།མི་ལ་རས་པ་ཡིན་ཀྱང་སེམས་ལ་ཆགས་པ་སློང་སྲིད་པས།ཨ་ཁུ་བསྟན་འཛིན་གྱི་མིག་གི་དབང་བོ་རྣོ་ལ་ལྕགས་དྲངས་པ་ལྟར་རེ་ཞིག་སྒྲོལ་མའི་གདོང་ལ་ཅེར་ནས་འདུག་དགོས་བྱུང་།

         སྒྲོལ་མ་ནི་ཨ་ཁུ་བསྟན་འཛིན་གྱི་ཉེ་བོ་མིན་ལ་ཡོན་བདག་ཀྱང་མིན་ནའང་།“སྐད་འཕྲིན”ཞེས་པའི་གཟུགས་མེད་གློག་གི་རྦ་རླབས་བརྒྱུད་ནས་ལོ་འགའི་སྔོན་ནས་བཟུང་ངོ་ཤེས་པའི་དྲྭ་གྲོགས་རྙིང་བ་ཞིག་ཡིན་པར་མ་ཟད།“ལག་མགྱོགས”སྟེང་ལེགས་སྐྱེས་མང་བོ་གནང་བའི་“ཇོ་ཇོ”ཞིག་ཀྱང་ཡིན།

         ཁ་དཔེར་ཡང“ཨ་ཁུའི་ཁ་འདུག་མི་ཐུབ།ཇོ་མོའི་ལག་འདུག་མི་ཐུབ”ཅེས་པ་ལྟར་ཨ་ཁུ་བསྟན་འཛིན་གྱིས་ལོ་འགའི་སྔོན་ནས་བཟུང་སྐད་འཕྲིན་ལས་སྒྲོལ་མར་ཁ་བཙོག་མང་བོ་ཞིག་བཤད་མྱངས་བར་མ་ཟད།ཐེངས་ཤིག་ཁོས་སྒྲོལ་མའི་སྟེང་ནས་སྡོམ་པ་ཤོར་ཀྱང་གནོང་འགྱོད་མེད་པའི་སྐད་ཆའང་མོར་བཤད་མྱོང་།

        སྒྲོལ་མ་ནི་བོད་མོ་རྣལ་མ་ཞིག་ཡིན་ནའང་།ཆུང་དུས་ནས་གྲོང་ཁྱེར་ནས་སྐྱེས་ཤིང་རྒྱ་རིགས་བྱིས་པ་དང་ལྷན་དུ་ནར་སོན་པས་བོད་སྐད་ཙམ་བཤད་ཤེས་པ་ལས་དགོན་སྡེའི་རིག་གནས་ལ་རྒྱུས་མངའ་མེད་ལ།ཐ་ན་གྲྭ་བས་ཆུང་མ་ལེན་མི་ཆོག་པའང་གསལ་བོར་ཤེས་ཀྱིན་མེད།

        ཨ་ཁུ་བསྟན་འཛིན་གྱིས་འཁྱག་སྒམ་ནང་ཡུན་རིང་བཅུག་པའི་གྲོད་མར་ཅིག་བླངས་ནས་ཇ་བླུགས་པ་ན།སྒྲོལ་མས་ཧ་ལས་པའི་ངང་ནས་དཀར་ཡོལ་ཁ་རུ་ཆགས་ཡོད་པའི་མར་ཞག་ལ་ཡང་ཡང་བལྟས་རྗེས་རྩམ་ཁུག་ནང་གི་རྩམ་པར་བལྟས་ནས“འདི་ཅི་རེད”ཅེས་དྲིས།ཨ་ཁུ་བསྟན་འཛིན་གྱིས་ཐོད་པར་ལག་པས་རྡུང་ཞོར“མགོ་ནག་བོད་ཀྱི་ཁ་ཟས་ཏེ་སྦྲང་དཀར་རྩམ་པ་རེད”ཅེས་བཤད་མོད།སྒྲོལ་མར་མཚོན་ན་ཐེངས་དང་བོར“རྩམ་པ”རིག་པ་ཡིན་པས།སྦྲང་དཀར་རྩམ་པ་དང་འབྲེལ་བའི་རིག་གནས་དང་དེའི་ཕན་ནུས་སོགས་ཤེས་པ་ལྟ་ཅི།ཐ་ན་རྩམ་པ་ཅི་ལྟར་བརྫི་དགོས་པའང་མི་ཤེས་པས་ཨ་ཁུ་བསྟན་འཛིན་གྱིས་མི་རྫི་ཐབས་མེད་བྱུང་སོང་།

          ཉིན་གུང་ལ་སླེབས་ནའང་སྒྲོལ་མའི་ལྕགས་ཐབ་འགྲམ་ན་འོ་ཇ་འཐུང་ཞོར“གྲུ་གཟིངས་ཆེན་མོ”ཞེས་པའི་གློག་བརྙན་ཞིག་ལ་བལྟས་ནས་འདུག་པ་ལས་ཕྱིར་ཡུལ་ལ་ལོག་གྲབས་གཏན་ནས་བྱེད་ཀྱིན་མེད།ཨ་ཁུ་བསྟན་འཛིན་གྱིས་གཟིམ་ཤག་དང་ཁ་གཏད་དུ་ཡོད་པའི་མཆོད་ཁང་ནང་དུ་བརྐྱངས་ཕྱག་འཚལ་ཞོར་ལན་རེར་སྒྲོལ་མས་ལྟ་བཞིན་པའི་གློག་བརྙན་གྱི་སྒྲ་ལ་ཉན་པ་དང་སྐབས་རེར་མཆོད་སྒྲོམ་གྱི་དཀྱིལ་དུ་བཞུགས་པའི་སྟོན་པའི་སྐུ་ལ་གསོལ་བ་འདེབས་ཞོར་ལག་གི་ཕྲེང་བ་འདྲེན་གྱིན་འདུག

        དུས་ཚོད་ནི་ཤུགས་ཀྱིས་མདུན་ཕྱོགས་སུ་རྒྱུགས་ཏེ་དཀར་གསལ་ཟླ་བས་མཁའ་དབྱིངས་ནས་མུ་ཏིག་དགོན་པར་ཆེད་དུ་གློག་སྒྲོན་ཆེན་པོ་ཞིག་བཀར་བ་ལྟར་དགོན་འདབས་ཀྱི་མཆོད་རྟེན་དང་།ཚོགས་ཆེན་འདུ་ཁང་གི་གསེར་ཏོག་སོགས་གསལ་བོར་མཐོང་ཐུབ་ལ།ལྷག་པར་དུ་ཨ་ཁུ་བསྟན་འཛིན་གྱི་གཟིམ་ཤག་གི་སྒེའུ་ཁུང་ལས་བལྟས་ཚེ་དཀར་གསལ་ཟླ་བ་ནི་ན་ཚོད་སྨིན་པའི་གཞོན་ནུ་མ་ཞིག་གིས་ཆེད་དུ་སུ་ཞིག་ལ་ཆགས་སྲེད་སློང་བ་བཞིན་འོད་ཆེམ་ཆེམ་བྱེད།

      “ཨ་ཁུ་བསྟན་འཛིན།དོ་དགོང་ང་གང་ནས་ཉལ་དགོས།”

     “ཁྱོད་ངའི་གཟིམ་ཤག་ནས་ཉོལ་དང་།ང་གྲྭ་ཤག་གཞན་ཞིག་ལ་ཉལ་དུ་སོང་ཆོག”

       “ང་གཅིག་པུ་སྐྲག་གི འུ་གཉིས་ལྷན་དུ་ཉལ་ན་ཆོག་གམ།”

         སྒྲོལ་མའི་སྟོད་ལྭ་ཕུད་པར་བརྩམས་པ་ན་ཨ་ཁུ་བསྟན་འཛིན་རྟབ་རྟབ་པོར་གྱུར་ཏེ་“ང་ཆབ་གསང་དུ་འགྲོ་དགོས”ཞེས་བྲོས་མ་སྟབས་ཀྱིས་སྒོར་བུད་སོང་།ཅུང་མ་འགོར་བར་སྒྲོལ་མས་“ཨ”ཞེས་ཀི་རིང་ཞིག་བཏབ་བྱུང་བས།ཨ་ཁུ་བསྟན་འཛིན་གྱིས་གཟན་ཤམ་ལག་མགོར་དཀྲིས་ཏེ་རླངས་འཁོར་གྱིས་འཁོར་དགག་གནོན་མ་ཐུབ་པ་ལྟར་རྒྱུག་ནས་ཡོང་།“ཙི་གུ་ཡོད་གི ཙི་གུ་ཡོད་གི”ཟེར་ཞོར་སྒྲོལ་མ་ཨ་ཁུ་བསྟན་འཛིན་སྐེར་འཐམས་བྱུང་བས་ཨ་ཁུ་བསྟན་འཛིན་ཡང་ཅི་བྱ་གཏོལ་མེད་དུ་གྱུར་ནས་རེ་ཞིག་འགྱིག་གིས་བཟོས་པའི་མི་ལྟར་ཧད་ནས་འདུག་དགོས་བྱུང་།“སྒྲོལ་མ་ཙི་གུ་སྒོར་བྲོས་ཐལ།ད་སྐྱོན་ཡོད་ནི་མ་རེད”ཅེས་བཤད་ཞོར་སྦྲུལ་ལྟར་འཁྱིལ་བའི་སྒྲོལ་མའི་རྐང་ལག་རེ་རེ་བཞིན་བཀྲོལ།

        གྲྭ་རྐྱང་གི་འཚོ་བ་ནི་ཁྱིམ་པ་བའི་འཚོ་བ་དང་གཏན་ནས་མི་འདྲ་བས་ཉལ་ས་གཅིག་ལས་མེད་ལ།སྒྲོལ་མ་དང་ཨ་ཁུ་བསྟན་འཛིན་གཉིས་ལྷན་དུ་ཉལ་ས་གཅིག་གི་ཐོག་ནས་མི་ཉལ་ཐབས་མེད་བྱུང་སོང་།སྒྲོལ་མ་མ་གཞི་ནས་རྒྱ་རིགས་བྱིས་པ་དང་ལྷན་དུ་ནར་སོན་པས་བོད་ཀྱི་བུད་མེད་དག་དང་བསྡུར་ན་སྤོབས་པ་ལྡབ་འགྱུར་ལས་ཆེ་བ་དང་།བོད་ཀྱི་ལུགས་སྲོལ་སོགས་གཏན་ནས་མི་ཤེས་པས་སྟོད་གོས་དང་རྐང་རྣམ་རེ་རེ་བཞིན་ཕུད་ནས་ཉལ་གྲབས་བྱས་པ་ན།ཨ་ཁུ་བསྟན་འཛིན་ལ་སུ་ཞིག་གིས་ཤ་གཅུ་བྱེད་པ་བཞིན་ངོ་གདོང་དམར་པོ་ནས་དམར་ནག་ཏུ་གྱུར་པ་དང་།ཐོད་པ་ལས་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་།ཁོས་ལག་གི་ཕྲེང་བ་ཤེད་ཀྱིས་ཕུར་ཕུར་ཙམ་བྱེད་ཞོར་སྒེའུ་ཁུང་ལས་དཀར་གསལ་ཟླ་བར་ཡང་ཡང་བལྟ་ཞོར་ཁ་ཏོན་བཏོན་ནས་འདུག ཁ་ཏོན་བཏོན་ཚར་བ་ན་སྒྲོལ་མ་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་སུ་ཆས་ཟིན་ལ།མལ་ཐུལ་བཤུས་ནས་རྐང་ལག་བཞི་བོ་ནི་སྒྲིག་ལམ་མེད་པའི་སྡོང་བོའི་ཡལ་ག་ལྟར་རང་རང་སར་བསྒྲེངས་པར་མ་ཟད།གཉིད་གཏམ་ལྡབ་ལྡིབ་ཤིག་དང་ལྷན་དུ་ནུ་མ་གཉིས་ཀྱི་བར་ལ་འཕྲུག་འཕྲུག་བྱེད་པ་དང་།དེ་ནས་རིམ་བཞིན་བརླའི་ནང་ངོས་སུ་རེག་རེག་ཙམ་བྱས་རྗེས་ཨ་ཁུ་བསྟན་འཛིན་གྱི་ཕྱོགས་སུ་འཁོར་ནས་ཉལ། ཨ་ཁུ་བསྟན་འཛིན་གྱིས་སྒྲོལ་མའི་བཞིན་རས་དང་སྐྱེས་གཟུགས་སོགས་ལ་ཞིབ་ལྟ་ཞིག་བྱས་རྗེས་དབུགས་རིང་ཞིག་དལ་གྱིས་འཐེན་ཞོར་སྟོད་འགག་ཀྱང་མ་ཕུད་པར་བཙན་གྱིས་གཉིད་ནའང་གཏན་ནས་གཉིད་མ་ཐུབ།

      མཚན་མོ་དེར་ཟླ་འོད་ཧ་ཅང་གསལ་ལ་སྒེའུ་ཁུང་ལས་བལྟས་ཚེ་ན་མོ་རི་བོའི་རི་རྒྱུད་ཀྱང་གསལ་བོར་མཐོང་ཐུབ་པར་མ་ཟད་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་ནི་དེ་བས་ཀྱང་འོད་ཆེམ་ཆེམ་བྱེད།

       སྒྲོལ་མས་མནལ་ལམ་ནས་ལག་བརྒྱངས་ཤིག་བྱས་སྟབས་ཨ་ཁུ་བསྟན་འཛིན་གྱི་འགྲམ་པར་ཅལ་སེ་བརྒྱབ་བྱུང་ལ་རྐང་བ་གཡོན་པས་ཀྱང་ཁོའི་བརླ་མནན་བྱུང་བས་ཨ་ཁུ་བསྟན་འཛིན་གྱིས་དབུགས་ཀྱང་ལེན་མ་ཐུབ་པར་ཁ་རོག་གེར་བསྡད།

      ནམ་སྨད་ཀྱི་དུས་ཚོད་ལྔ་ཙམ་ལ་ཨ་ཁུ་བསྟན་འཛིན་གཉིད་ཟིན་ལ་རྨི་ལམ་ཡང་གསལ་བོ་ཞིག་རྨིས་ཀྱིན་འདུག རྨི་ལམ་དུ་མགོ་ན་རྭ་སྐྱེས་ཤིང་ལྕེ་ནག་པོ་ཡིན་པ།ནུ་མ་གཅིག་ཕྲག་གཡོན་པར་འཕངས་ཤིང་གཅིག་ཤོས་སར་དྲུད་པའི་བུད་མེད་འཇིགས་སུ་རུང་ཞིག་གིས་ལག་ཏུ་སྟ་རེ་ཞིག་བཟུང་ནས་“གྲྭ་ལོག་ཁྱོད།ཤོར་ས་ཡོད་ནི་མ་རེད།”ཅེས་ཡར་འདེད་མར་འདེད་བྱེད་ཀྱིན་འདུག མཚམས་ཤིག་བུད་མེད་འཇིགས་སུ་རུང་བ་དེ་གཡས་སུ་བལྟས་ན་གཡས་སུ་ཡོད་པ་དང་།གཡོན་ཏུ་འཁོར་ན་གཡོན་ན་ཡོད་པས་ཁ་ནས་རང་དབང་མེད་པར་“བླ་མ་རིན་པོ་ཆེ”ཞེས་ཤོར་བས།བར་སྣང་ནས་སྤྲིན་པ་ལེབ་མོ་ཞིག་གློག་འཁྱུག་པ་ལྟར་ཁོའི་མདུན་དུ་དཔྱངས་པ་ན་སྐྲག་མ་ངང་གྱིས་སྤྲིན་པ་དེར་འཐམས་བྱུང་།

     “ཨ་ཡོ།-”མ་གཞི་ཨ་ཁུ་བསྟན་འཛིན་རྨི་ལམ་གྱི་འཇིགས་དངངས་ལས་སྒྲོལ་མར་འཐམས་འདུག་ཅིང་ལུས་ཧྲིལ་བོ་རྔུལ་ཆུས་ཡོངས་སུ་བརླན་འདུག ཁོས་མིག་ཕྱེས་ནས་བལྟས་ཙ་ན་ཞོགས་པའི་སྐྱ་རེངས་བཀྱགས་འདུག སྒྲོལ་མ་ནི་ཞི་ལའི་ལག་ཏུ་ཙི་གུ་ཤོར་བ་བཞིན་འགུལ་ཙམ་ཡང་བྱེད་མ་ཐུབ་པར་ཁོའི་གདོང་ལ་ཅེར་ནས་འདུག “བཛྲ་ས་ཏྭ་་་་་་་་” ཨ་ཁུ་བསྟན་འཛིན་ལ་གློག་གིས་བརྒྱབ་པ་ལྟར་ཁ་ཕྱིར་འཁོར་ཏེ་སྒྲོལ་མར་རྒྱབ་གཏད་ནས་ཉལ།“ཨ་ཁུ།རྨི་ལམ་ཅི་ཞིག་རྨིས་བྱུང་”སྒྲོལ་མས་ཁོང་དགོད་ཅིག་བྱེད་ཞོར་མགོ་བོ་མལ་ཐུལ་གྱིས་དཀྲིས་བྱུང་།

       ཨ་ཁུ་བསྟན་འཛིན་ནི་སུ་ཞིག་གིས་ཁོང་ཁྲོ་བསླངས་བ་བཞིན་ངོ་མདངས་དམར་བོ་ནས་དམར་ནག་ཏུ་གྱུར་ཏེ་མལ་ལས་ལངས་བྱུང་ལ།སྔར་བཞིན་མཆོད་པ་བཤམས་རྗེས་དུས་རྒྱུན་གྱི་ཁ་ཏོན་སོགས་བཏོན་ཏེ་ལག་གི་དྲིལ་བུ་དཀྲོལ་བཞིན་འདུག

       ཕྱིར་གཟིམ་ཤག་ཏུ་ཐོན་པ་ན་སྒྲོལ་མའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ལྕགས་ཐབ་འགྲམ་ན་ཡོད་པའི་ཅོག་ཙེའི་སྟེང་དུ་ཡིག་ཤུབས་ཤིག་ཡོད་ལ་དེའི་ནང་དུ་ཙན་དན་གྱི་ཕྲེང་བ་ནག་པོ་ཞིག་དང་འཕྲིན་ཡིག་ཅིག་བཞག་འདུག ཨ་ཁུ་བསྟན་འཛིན་གྱིས་འཕྲིན་ཡིག་དེར་ཡང་ཡང་བལྟས་ནའང་རྒྱ་ཡིག་རྐྱང་རྐྱང་གིས་བྲིས་འདུག་པས་མཇུག་མཐའི་ཡི་གེ་སྟེ“ཙེ་ཅན”ཞེས་པའི་ཡིག་འབྲི་གཉིས་ལས་ཅི་ཡང་མ་ཤེས།སྐབས་དེར་ཨ་ཁུ་བསྟན་འཛིན་གྱིས་སྒྲོལ་མ་ཕྱིར་རང་གི་ཕ་ཡུལ་ལ་བུད་སོང་བ་གཞི་ནས་རྟོགས་སོང་།

      ནངས་ཇ་འཐུང་རྗེས་ཡང་དང་བསྐྱར་དུ་འཕྲིན་ཡིག་དེར་བལྟས་ནའང་ནང་དོན་ཏིལ་འབྲི་ཙམ་ཡང་མ་ཤེས་པས།ཨ་ཁུ་བསྟན་འཛིན་ལ་མཚོན་ན་འཕྲིན་ཡིག་དེའི་ནང་དོན་ནི་ནམ་ཡང་ལྐོག་གྱུར་ཅིག་ཡིན།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།