མཛའ་མོར་སྒུག་པ།

རྩོམ་པ་པོ།   སྐྱ་མདའ།དུས་ཚོད།   2020-01-07   རྩོམ་ཁུངས།   

དབྱངས་ཀྱི་འགྱུར་ཁུགས་ཁྲོད་དུ་བརྩེ་དུང་གི་ངད་ཁ་འཐུལ་གྱིན་འདུག་ནའང་།

ཁ་མི་གྲགས་པའི་འགྲུལ་བ་ཆ་མེད་དེས།

གྱང་ངོས་སུ་བཀལ་བའི་པར་རིས་དེ་མིག་གིས་འཚོས་འདུག

གླུ་སྐད་དེར་ཉན་གྱིན་ཉན་གྱིན།

ཁོ་བོའི་དྲན་པའང་ལྡབ་འགྱུར་གྱིས་ཇེ་གསལ་དུ་གྱུར།

ས་སྲོད་དང་ཁ་ཐག་མི་རིང་བའི་གྲོང་ཁྱེར་འདིར།

མོ་ཊའི་མཇུག་རླངས་ལྷོག་ལྷོག་ཏུ་འཕྱུར་གྱིན་འདུག་མོད།

མིག་ལ་མི་ཤོང་བའི་གྲིབ་གཟུགས་ཤིག་གིས་ང་ཡི་ཡིད་སེམས་རྨས་ཤིང་དྲན་པ་སྒུལ།

ཁང་མིག་འདི་ཉིད་ཆུང་དྲགས་པས་ཡིན་ནམ་ཅི།

སེམས་པ་སྔར་བཞིན་འཁྱག་ཅིང་སྨྲེང་།

རེ་སྒུག་གིས་བཞད་པའི་མེ་ཏོག་དེས།

ནམ་ཞིག་ཁ་དོག་གཞན་ཞིག་གི་ཚབ་བྱེད་མི་སྲིད་པ་ནང་བཞིན།

ངས་ཀྱང་མཛའ་གཞས་དག་ཡང་བསྐྱར་ལེན་མི་འདོད་དོ། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།