དགུན་ཚེས་ཚུལ།

རྩོམ་པ་པོ།   རང་ལས་རྒྱལ། དུས་ཚོད།   2020-01-07   རྩོམ་ཁུངས།   

གྱང་སྟེང་གི་རྩྭ་སྐྱ་རླུང་གིས་ཁུར།

རྨི་ལམ་གྱི་གཙང་བོར་དར་ཁ་འགྲིག

ད་ནི་ཁྱེད་ཀྱི་སེམས་ལྷོད་ལ་བབས་ཏེ།

དགུན་ཟླ་རིང་མོ་འདི་རོལ་བའི་དབུ་ཁྱུད་ཕྲིས།

དཀར་བོང་བོང་གི་ཁ་བས་ནག་ནོག་གི་སེམས་པར།

བྱབས་ཁྲུས་ཐེངས་ཤིག་བྱོས།

སེམས་འདི་ལས་ཀྱིས་བྱས་པའི་བྱིའུ་ཆུང་བཞིན།

ལྷགས་རླུང་དང་བུ་ཡུག་ཁྲོད།

སད་སྔ་བའི་སྙན་ངག་པ་ཞིག་དང་འདྲ་བར།

ཕར་རྒྱབ་ཀྱི་ལོ་ཟླས་ཁྲིད།

གནས་དེར།

རྣམ་ཤེས་ཀྱིས་བསྐྱེད་པའི།

བྱིས་པ་ཞིག་གི་ངུ་སྐད་ཡོད།

རླུང་བུ་གཡུགས་ཚུལ་ཞིག་གིས།

གཏམ་རྒྱུད་ཀྱི་བྱུང་རིམ་ཕ་ཨ་ཁུའི་སེམས་ཁོང་དུ་ཐིམས།

ཡུན་རིང་ཕ་ཡུལ་གྱི་རྟ་ཕོའི་འཚེར་སྐད་མ་ཐོས་པའི་བུ་ཆུང་ལགས།

ནམ་མ་ལངས་པའི་སྔ་རོལ་དུ།

སེམས་ཀྱི་སྒེའུ་ཁུང་ཕྱེས་དང་།

མུན་པའི་ཀློང་ནས་རེ་སྒུག་གི་གསོལ་འདེབས་བྱེད་མཁན་དེ་སུ་རེད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།