སྟོན་ཁ་ཞིག་ལ།

རྩོམ་པ་པོ།   ཤེའུ། དུས་ཚོད།   2020-01-07   རྩོམ་ཁུངས།   


སྟོན་ཁ།

ཁྱོད་ཀྱིས་ངའི་སྐྱོ་གདུང་གི་ལོ་མ་སེར་པོ།

རླུང་ཁའི་ན་ཟུག་ལ་བཟད་དོན་ཅི།

ཕྱིར་མིག་ནང་གི་ཡལ་ག་སྐམ་ལ་ཉེ་བ།

དྲན་གདུང་གི་དུས་ཚིགས་དེའི་རྐྱེན་པས་ཡིན་ནམ།

ཝ་ཡེ། སྟོན་ཁ་ལགས།

ཁྱོད་ཀྱིས་ང་ལ་སེར་ཐིག་བབས་པའི་ཅ་ལག་ཅི་ཡང་མི་སྐྱུར་རོགས།

རྨི་ལམ་ཉལ་ཁྲིའི་སྟེང་དུ་མེད།

ཀྭ་ཡེ། གྲོགས་པོ།

རྨི་ལམ་ཉལ་ཁྲི་དང་ཉལ་ཐུལ་ནང་དུ་མེད།

སྒྱིད་ལུག་དང་རྣམ་གཡེང་གི་ར་བ་ན་མེད།

རྨི་ལམ། སྐྱོ་སྣང་གི་རྗེས་སུ་ཡོད།

ཁྱོད་ཀྱིས་རྐང་རྗེས་བཞག་ཆོག

ངས་ཀྱང་བཞག་ཆོག

འོན་ཀྱང་།རྐང་རྗེས་ལ་བར་ཐག་དང་མཛེས་སྡུག་ཡོད་ངེས།

རལ་གྲི་ཐང་ལ་མི་འཇོག་རོགས།

ཀྭ་ཡེ། ང་ཚོ་ལ་རལ་གྲི་ཞིག་ཡོད་པ་དེ།

ཐང་ལ་མི་འཇོག་རོགས།

ང་ཚོས་རལ་གྲི་འདི་ལ་ཤུབས་ཀྱང་བཟོ་དགོས་པས།

རལ་གྲི་ཐང་ལ་མི་འཇོག་རོགས། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།