རིགས་མཐུན་རོགས་སྐྱོར་གྱིས་སློབ་གསོ་དབུལ་སྐྱོར་ལ་ཤུགས་བསྣན།

རྩོམ་པ་པོ།   གསར་འགོད་པ་བསོད་ནམས་སྐྱིད།དུས་ཚོད།   2020-01-07   རྩོམ་ཁུངས།   

            ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། ཧུང་ཡོན་རྫོང་གསེར་དེའུ་གྲོང་རྡལ་སློབ་ཆུང་གིས་རིགས་མཐུན་སློབ་གསོའི་རོགས་སྐྱོར་ལས་ཁུངས་མེན་དབྱང་གྲོང་ཁྱེར་ཡན་ཐིང་རྫོང་ཆི་པོ་ཚོད་ལྟའི་སློབ་ཆུང་གི་ཏང་ཙུའུ་དང་བཅས་པ་གསེར་དེའུ་གྲོང་རྡལ་སློབ་ཆུང་དུ་ཐོན་ནས་བརྟག་ཞིབ་དང་སློབ་གྲྭའི་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ་ལ་རྒྱུས་ལོན་བྱས་རྗེས། སློབ་གསོ་རམ་འདེགས་ཚོགས་པས་བྱམས་བརྩེའི་ཞལ་འདེབས་དང་བརྩེ་བའི་གསེར་དེའུ་ཞེས་པའི་བརྗོད་གཙོ་སློབ་གསོའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་རེད།

བྱེད་སྒོའི་ཁྲོད། ཆི་པོ་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ཚོས་གྲང་ངར་ལ་མ་འཛེམ་པར་ལྷབ་ལྷུབ་ཏུ་གཡོ་བའི་ཁ་བའི་ཁྲོད་བྱམས་སེམས་དྲོན་མོ་ཕུལ་བྱུང་། དགེ་རྒན་ཚོས་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་དོ་དམ། དེ་བཞིན་བདེ་འཇགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་བཅས་གླེང་བ་དང་འབྲེལ་འཛིན་གྲྭའི་ཀྲུའུ་རེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་འཇགས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབ་དགོས་པ་བསྟན། དེར་བཞུགས་ཀྱི་དགེ་རྒན་ཚོས་ཕན་པ་དཔག་ཏུ་མེད་པ་ཐོབ་ཡོད་ཅེས་བཤད།

          ཆི་པོ་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ཚོས་སློབ་མ་ཚོར་ཐུན་མིན་གྱི་ལུས་རྩལ་དང་རོལ་དབྱངས་དཔེ་སྟོན་སློབ་ཚན་ཁྲིད་པ་རེད། སློབ་ཚན་ཚང་མར་དགེ་སློབ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས་དང་དགའ་བསུ་བྱས་ཤིང་། དགེ་རྒན་ཚོར་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་ཀྱི་རྣམ་པ་གསར་པ་སོགས་ཀྱི་ཤེས་བྱ་མི་དམན་པ་ཐོབ་ཡོད།

         ཐེངས་འདིའི་རིགས་མཐུན་རོགས་སྐྱོར་བྱེད་སྒོ་ནི་མེན་དབྱང་དང་ཧུང་ཡོན་ས་གནས་གཉིས་ཀྱི་མཉམ་ལས་སློབ་གསོའི་གནད་འཁེལ་དབུལ་སྐྱོར་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་ཞིང་། སློབ་གསོ་དབུལ་སྐྱོར་ཚོགས་པའི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག མེན་དབྱང་དང་ཧུང་ཡོན་ས་ཁུལ་གཉིས་ཀྱི་སློབ་གསོའི་སྤེལ་རེས་མཉམ་ལས་ཟབ་ཏུ་ཕྱིན་ནས་བར་ཐག་ཇེ་ཉེ་དང་མཛའ་བཤེས་ཟབ་ཏུ་ཕྱིན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཡན་ཐིང་རྫོང་ཆི་པོ་ཚོད་ལྟའི་སློབ་ཆུང་གིས་གསེར་དེའུ་གྲོང་རྡལ་སློབ་ཆུང་ལ་དགུན་ལྭ་400ལྷག་དང་སློབ་སྦྱོང་དང་ལུས་རྩལ་མཁོ་ཆས་འགའ་ཞལ་འདེབས་སུ་ཕུལ་ནས། སློབ་གསོའི་དབུལ་སྐྱོར་མཉམ་ལས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཞིང་ས་གནས་གཉིས་པོ་ལྷག་ཏུ་མཛའ་ཞིང་བརྩེ་བའི་རྣམ་པ་གསར་བ་ཞིག་ཆགས་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།