འཆར་སྣང་གི་བརྩེ་བ།

རྩོམ་པ་པོ།   རོལ་སྐུད།དུས་ཚོད།   2020-01-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དུས་དེ་ནས་བཟུང་།

སྟོང་བསམ་གྱི་ཁང་ཆུང་དུ།
དྲན་པ་གདན་དུ་བཏིང་ཞིང་། བརྩེ་བ་གོས་སུ་གྱོན་ཏེ།
བསམ་གཞིག་གི་ཁ་དོག་འཚོལ་མཁན་ཞིག་ཏུ་ཆགས།
མགོ་རྐང་སྦྲིད་པའི་ན་ཟུག་ཅིག་གིས།
རྨི་ལམ་མ་ཡིན་པའི་གཏམ་རྒྱུད་དེའི་ཁྲོད་ཀྱི།
མནའ་ཚིག་གིས་བསྒག་པའི་ལོ་ཟླ་དེ་བརྗེད་ཐབས་བྲལ།

དུས་དེ་ནས་བཟུང་།
བདེ་སྡུག་གི་གཏམ་རྒྱུད་ཁོག་ཏུ་མིད་ཅིང་།
གྲང་འཁྱག་གི་ཐག་པས་ལུས་ཡོངས་བསྡམས་ཏེ།
ཡིད་སྣང་གི་མཛེས་པ་གང་དུ་བོར་སོང་བའང་མ་ཤེས།
མི་སེམས་ཀྱི་རྩ་ཕྲན་ལ་བརྒྱུས་པའི་གཟུགས་མེད་ཀྱི་བརྩེ་བ་དེས།
སྟོང་འདང་གི་དངན་པ་ཐེངས་འགར་ཤོར་དུ་བཅུག།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།