སྐྱིད་ཆུ།

རྩོམ་པ་པོ།    ཤེའུ།དུས་ཚོད།   2020-01-06   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྐྱིད་ཆུ། ཁྱོད་རང་ཁ་རོག་གེར་བཞུར་བ་དེའི་ནང་དུ།

རབ་ཏུ་ལྕི་བའི་དུས་ཆད་ཅིག་ཡོད་པ་ཨེ་རེད།

རླབས་ཕྲེང་རེ་རེའི་འཇམ་མཉེན་མཛེས་སྡུག་གིས་ལྗིད་ཏིག་གེར་བཏང་འདུག

ཁྱོད་ནི་མི་གཉིས་ཀྱི་བརྩེ་གདུང་གི་ཕ་ཡུལ་ཡིན།

ཡུན་རིང་མ་བཤད་པའི་སྐད་ཆའི་དྲོད་ཁོལ་ཕུལ་ས་དེ་ཡིན།

ལུས་པོའི་གསེང་གི་འཁྱགས་རེངས་སུ་གྱུར་བའི་མུན་པ་འགེལ་ས་ཡིན།

སྐྱིད་ཆུ། ངས་ཁྱོད་ཀྱི་སེམས་གཏིང་གི་རྡོ་བ་རེ་རེ།

ཡར་བུད་ནས་མི་གཉིས་ཀའི་དྲན་གདུང་དང་དེའི་འབྱོར་ཕྱུག་གི་སྟོན་ཁ་རིག་ན་བསམ།

སྐྱིད་ཆུ། ད་ལྟ་ཁྱོད་ཀྱི་འགྲམ་ན་གྲང་ཤུར་ཤུར་ཅན་གྱི་སེམས་པ་ཤུལ་དུ་ལྷག་པ་ག་ཚོད་འདུག

དེ་དག་གི་སེམས་པའི་ངོས་སུ་མཇལ་འཛོམས་ཀྱི་ལག་པ་རྐྱོང་ཡོང་མཁན་ཡོད་དམ།

ལག་པའི་ནང་དུ་ཕན་ཚུན་གྱི་སེམས་ངལ་དེའི་ལྕང་ལོ་ཤད་ཀྱིན།

སེམས་ཁོང་གི་འོད་ཟེར་ཁྲོད་ལོག་པར་རྔམ་སེམས་སྐྱེ་ཡི་འདུག་མཁན་ཡོད་དམ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།