རྔ་ཁུལ་གྱི་སྐབས་དང་བོའི་གྲངས་རིག་དགེ་རྒན་གྱི་གསོ་སྦྱོང་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-01-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་དང་རྩ་འཛུགས་བྱས་པའི་ཁུལ་ཡོངས་ཀྱི་བོད་ཡིག་སློབ་འབྲིང་གི་དམའ་རིམ་གྲངས་རིག་སློབ་དེབ་ཀྱི་གསོ་སྦྱོང་བྱེད་སྒོ་དེ་སྤྱི་ཟླ་1ཚེས་2ཉིན་ནས་ཚེས་21ཉིན་གྱི་བར་དུ་ཁྲེང་ཏུའུ་རུ་བསྡུས། རྔ་བ་ཁུལ་གྱི་མཛོད་དགེ་རྫོང་དང་ཧུང་ཡོན་རྫོང་། རྔ་བ་རྫོང་། འཛམ་ཐང་རྫོང་། ཟུང་ཆུ་རྫོང་། ཝུན་ཁྲོན་རྫོང་སོགས་དང་། དཀར་མཛེས་ཁུལ་གྱི་དཀར་མཛེས་རྫོང་སོགས་སློབ་གྲྭ་ཁག་ནས་ཡོང་བའི་གྲངས་རིག་དགེ་རྒན་བརྒྱ་ལ་ཉེ་བ་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས།

           གཟའ་འཁོར་གསུམ་རིང་གི་གསོ་སྦྱོང་གི་དུས་ཡུན་ལ་དགེ་རྒན་ཚོས་ཆེད་མཁས་དགེ་རྒན་རྣམས་ཀྱི་འཆད་ཁྲིད་ལ་ཐོས་བསམ་རྩེ་གཅིག་གནང་བ་དང་སྦྱང་གཞིའི་ལས་བྱ་འབྲི་བ། སློབ་ཁྲིད་ཁྲོད་ཀྱི་དཀའ་གནད་བཀྲོལ་ཅི་ཐུབ་ཀྱིས་འབད་པ་བྱས་མཐར་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད། ཚེས་21ཉིན་རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་ཐེངས་འདིའི་རྒྱུགས་འབྲས་ཕུལ་དུ་བྱུང་བའི་གསོ་སྦྱོང་དགེ་རྒན་རྣམས་ལ་བྱ་དགའ་གནང་བ་དང་། རྔ་བ་ཁུལ་ཚན་རིག་ཞིབ་འཇུག་ཁང་གི་དགེ་རྒན་རྣམས་ཀྱིས་ཐེངས་འདིའི་གསོ་སྦྱོང་ལ་མཐུན་རྐྱེན་གང་ལེགས་སྦྱར་ཞིང་ཕྱོགས་ཀུན་ནས་ཐུགས་ཁུར་གནང་བས་གསོ་སྦྱོང་དགེ་རྒན་ཚོའི་ཡིད་སེམས་རབ་ཏུ་ཚིམས་ཏེ་སླད་མར་ཡང་འདི་དང་འདི་ལྟ་བུའི་གསོ་སྦྱོང་སྤེལ་བར་རེ་འདུན་ཞུས་པ་རེད།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།