གཟའ་ཉི་མ།

རྩོམ་པ་པོ།   འབྲོང་རིག་བྷོ།དུས་ཚོད།   2020-01-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


         “སྒྲོལ་མས་ཁྱོད་ལ་ཁ་པར་ཐེངས་གསུམ་བཏང་འདུག”ཕ་ཡུལ་ལྷ་ས་ནས་ཡིན་པའི་སློབ་གྲོགས་ནོར་བུས་དབུས་སྐད་དེ་དག་བཤད་མ་ཐག་ཚེ་རིང་གིས་ཏབ་ཅིག་ལ་ཁོས་བཤད་པའི་སྐད་ཆའི་ཧ་གོ་མ་སོང་ལ།ཁོ་རང་གཉིད་མ་སད་དུ་རྨི་ལམ་རེད་དམ་དོན་དངོས་ཡིན་པའི་མཚམས་ཡང་རེ་ཞིག་ཆོད་མ་སོང་། “མདང་དགོང་ཁྱོད་རང་བཟི་དྲག་པས་མོ་ཅུང་མ་འགོར་བར་ཕྱིར་སློབ་གྲྭའི་ནང་དུ་བུད་སོང་།”ཅུང་ཙམ་མ་འགོར་བར་ནོར་བུས་ཡང་བསྐྱར་སྐད་ཆ་དེ་དག་བཤད་པས་ཁོས་ད་གཟོད་མདང་དགོང་གི་དོན་དག་རྣམས་གཟུགས་བརྙན་བཞིན་ཡིད་ལ་དྲན།

          ཁོས་མགོ་བོ་ཡར་དགྱེ་ཞོར“ཆུ་ཚོད་ག་ཙམ་རེད།”ཅེས་དྲིས།

        “ཆུ་ཚོད་བཅུ་གཉིས་རེད”།

         “ང་ལ་ཆུ་ཚན་ཕོར་གང་ལྡུག་རོགས”ཁོས་དེ་ལྟར་བཤད་ཞོར་མལ་ལས་ལངས་ཤིང་ཝུ་ཆང་གི་སྐྱུར་དྲིས་ཁྱབ་པའི་ཚི་ལེན་དཀར་པོ་དེ་མི་འདོད་བཞིན་དུ་གྱོན་རྗེས། “སྟིག”སྒྲ་དང་བཅས་ས་ངོས་ལ་མཆོངས་ཏེ་སློབ་གྲྭར་འགྲོ་ཁར་ཨ་ཕས་ཉོས་པའི་“ཇོར་རྡིན”རྟགས་མའི་རྩལ་སྦྱོང་ལྷམ་དེ་གྱོན། འོ་རེད། ལྷམ་དེ་ནི་ཚེ་རིང་སློབ་ཆེན་དུ་རྒྱུགས་འཕྲོད་པའི་བརྡ་ཡིག་འབྱོར་བའི་ཉིན་མོར་ཨ་ཕས་ཉོས་པ་རེད་ལ།ཚེ་རིང་ཚང་གི་འཚོ་བའི་ཆ་རྐྱེན་དེ་ཙམ་བཟང་རྒྱུ་མེད་ནའང་ཕ་མ་གཉིས་ཀྱིས་ཁོ་ལ་ཟས་གོས་གྱི་ཆ་ནས་ནམ་ཡང་དང་དོད་བྱེད་མྱངས་མེད་ལ་རང་གི་སློབ་གྲོགས་ཚོའི་གྲལ་ནས་ངོ་གནོངས་མི་དགོས་པ་བྱས་ཡོད།

          ཚེ་རིང་གིས་ནོར་བུའི་བྱོས་པའི་ཆུ་ཚན་ཕོར་བ་གང་བོ་འཐུང་ཞོར་དུ་མདུན་ཁྲིའི་སྟེང་གི་གློག་ཀླད་ངོས་སུ་བལྟས། གློག་ཀླད་ངོས་ཀྱི་བཏགས་འཕྲོར་ལུས་པའི་ཡི་གེའི་ཚོགས་ལ་བལྟས་རྗེས་ཁོའི་སེམས་སུ་ངལ་དུབ་དང་སུན་སྣང་འདྲེས་མའི་ཚོར་སྣང་གློ་བུར་བ་ཞིག་བྱུང་བ་དང་མཉམ་དུ་གློག་ཀླད་ཀྱི་སྒོ་ཁྲོག་སེར་གཏད།

           མདང་དགོང་གཟའ་མཇུག་ལ་གཟས་ནས་ཚེ་རིང་དང་ནོར་བུ། རིག་ལྡན་དང་ཁོས་བོས་ཡོང་བའི་བུ་མོ་ཁ་ཤས་བཅས་མཉམ་དུ་སློབ་གྲྭའི་ཕྱི་རོལ་དུ་ཆང་འཐུང་བར་སོང་། མཐོ་འབྲིང་གི་སྐབས་སུ་དཔེ་དེབ་དང་ཁ་བྲལ་མ་མྱངས་པའི་ཚེ་རིང་སློབ་ཆེན་དུ་འབྱོར་རྗེས་ཆང་རག་དང་འབྲལ་མི་ཐུབ་པའི་མི་ཞིག་ཏུ་གྱུར། སློབ་ཆེན་དུ་འབྱོར་རྗེས་ཆང་རག་ནི་ཁོའི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་པ་འདྲ། ཚེ་རིང་གིས་ཀྱང་གྲོགས་པོ་ཚོའི་གྲལ་ན་དགའ་རོགས་ཤིག་མེད་ན་ངོ་སོ་མི་འདུག་སྙམ་པས། དགའ་རོགས་ཞེས་པའི་འབྲེལ་བ་ཚུགས་ནས་ཟླ་བ་གཅིག་ཀྱང་འགོར་མེད་པའི་སྒྲོལ་མ་ལ་ཁ་པར་བཏང་། ཁ་པར་བཏང་ནས་ཀྱང་སྐད་ཆ་རྡབ་རྡིབ་མང་པོ་བཤད། ཅུང་ཙམ་མ་འགོར་བར་སྒྲོལ་མ་ནི་མུན་ནག་གི་འཇིངས་སུ་ལྷུང་བའི་ཆང་ཁང་དེའི་གྲུ་ཟུར་ཞིག་ནས་མངོན་བྱུང་ལ། མོའི་མིག་ཟུང་ནི་མཚན་མོ་འདིའི་མུན་ནག་གིས་སྒྲིབ་མ་ཐུབ་པར། རྩྭ་ཐང་གི་ལྷིང་འཇགས་དང་རྩྭ་ཐང་གི་ནམ་མཁའ་ལྟ་བུའི་དྭངས་གཙང་ཞིག་གིས་ཡོངས་སུ་ཁེངས་འདུག རྩྭ་ཐང་གི་འབྲོག་མོ་དཀྱུས་མ་ཞིག་གི་ཁྲེལ་གཞུང་དང་བག་ཡོད་ཚུལ་ལྡན་གྱི་གཤིས་སྤྱོད་ཅིག་ཀྱང་མ་བཅོས་ལྷུན་ཆགས་སུ་གནས་འདུག ཆུ་ཚོད་ག་ཙམ་འགོར་བ་མ་ཤེས་མོད། ང་ཚོས་ཝུ་ཆང་ཕོར་བ་གཏུག་རེས་འཕོ་རེས་བྱས་བྱས་མཐར། སྒྲོལ་མས་སྐད་ཆ་གང་ཡང་མ་བཤད་པར་ཕྱིར་སློབ་གྲྭའི་ནང་དུ་བུད་སོང་། ཡང་གཅིག་བཤད་ན་སྒྲོལ་མའི་ཚེ་རིང་གི་ངོ་གདོང་གཞན་ཞིག་དང་ལེན་བྱེད་ཐུབ་པས་ཀྱང་ཡིན་ངེས།

        གྲོང་ཁྱེར་ཆེན་པོ་འདི་རུ་ཉི་མའི་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག་མོད། མི་ཚོགས་ཀྱི་བྲེལ་འཚུབ་དང་འུར་ཟིང་གི་ཁྲོད་དུ་བཟོད་མི་བཏུབ་པའི་ཚ་བ་ཞིག་གིས་ཡོངས་སུ་ཁེངས་འདུག འཕྲུལ་འཁོར་གྱི་ཟམ་མི་ཆད་པའི་རྒྱུན་དག་ཚ་བས་གཙེས་པའི་གྲོག་མ་བཞིན་འཚང་ཁ་ཤིག་ཤིག་ངང་གཞུང་ལམ་གྱི་སྣེ་མོ་གཉིས་སུ་འདུར་རྒྱུག་བྱེད་བཞིན་འདུག གཞུང་ལམ་གྱི་མཐའ་རུ་གློག་དམར་ལ་སྒུག་བཞིན་པའི་སློབ་འབྲིང་སློབ་མ་དང་རྒན་རྒོན་བགྲེས་སོང་དག་ནི་གྲོང་ཁྱེར་གྱི་བྲེལ་ཟིང་ལ་འབྲེལ་བ་མེད་པའི་མི་ཚོགས་ལྷག་མ་ཞིག་ཏུ་གྱུར་འདུག དྲང་མོར་བཤད་ན་ཚེ་རིང་སློབ་གྲྭའི་སྒོར་བུད་དེ་གྲོང་ཁྱེར་ཆེན་མོ་འདིའི་འདྲེས་མདོ་འདིར་ཡོང་དོན་ནི་གང་ཡིན་པ་ཁོ་རང་ཉིད་ལ་ཡང་ཆ་འཇོག་གང་ཡང་མེད། གྲོང་ཁྱེར་འདིའི་བྲེལ་འཚུབ་དང་འུར་ཟིང་ཡང་ཁོ་ལ་མཚོན་ན་ཁེར་རྐྱང་དང་ལྷིང་འཇགས་ཀྱི་ངོ་གདོང་གཞན་ཞིག་ཏུ་གྲུབ་འདུག སྐབས་དེར་རོལ་དབྱངས་སྙན་མོ་ཞིག་གི་འགྲོས་དང་བསྟུན་ནས་ཁ་པར་འདར་འགུལ་བྱས་བྱུང་། ཁ་པར་གྱི་ངོས་སུ་སྒྲོལ་མ་ཞེས་པའི་ཡིག་འབྲུ་གཉིས་གསལ་ལེར་འཆར་འདུག།



རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།