རྒྱུན་མཐོང་ལྡུམ་ཚལ་རྨོ་འཛུགས་ལག་རྩལ།

རྩོམ་པ་པོ།   དུས་ཚོད།   2019-12-20   རྩོམ་ཁུངས།    ཁྱིམ་ཚང་གི་ཚལ་ཞིང་ཆུང་ཆུང་།

བཅུ་གསུམ། ནུབ་ཀ་པེད།

1.ངོ་སྤྲོད།

       ནུབ་ཀ་པེད་ནི་ནར་ནར་ཟླུམ་པོའི་དབྱིབས་ཅན་ཞིག་ཡིན་ཞིང་། ནང་སྙིང་ཆུང་། ཕྱི་ཤུན་འཇམ་ཤིང་གསལ། འབྲས་བུ་མ་ཤིང་བའི་སྔོན་དུ་བཏུས་ནས་ཟས་སུ་སྤྱོད། ཚལ་རྐང་དམའ། སྡོང་རྩ་སྤོམ། སྐྱོར་ཤིང་འཇོག་མི་དགོས་ཤིང་། སྤོར་འཛུགས་བྱེད་བདེ་པོ་ཡོད།

2.ཚལ་རྒྱུད་བཟང་ངན།

        དགུན་ཁའི་གཡང་ཊི་དང་། གཡང་ཊི་དང་པོ་འབོད་པ་སོགས་ཡོད།

3.རྨོ་འཛུགས་བྱེད་ཐབས།

       མྱུག་གསོ་སྤོར་འཛུགས་དང་། ཞིང་ཚིགས་རྨོ་འཛུགས་ཀྱི་ཐབས་ལམ་སྤྱོད་ཆོག(མྱུག་གསོ་བྱ་ཐབས་སྐོར་མྱུག་གསོའི་ཚན་པའི་ནང་གཟིགས་རོགས།)

4.རྨོ་འཛུགས་གལ་གནད།

        མྱུག་གསོའི་དོ་དམ་བརྒྱུད་ནས་ཉིན་30ནས་35བར་རམ། མྱུག་གཞོན་ལ་ལོ་མ་3ནས་4བར་སྐྱེ་སྐབས་གཏན་འཛུགས་བྱ་ཆོག གཏན་འཛུགས་མ་བྱས་སྔོན་ལུད་རྫས་འདང་ངེས་ཤིག་རྒྱག་པ་དང་། ས་སློག་བཟང་པོ་བྱས་ཤིང་། ཞེང་ཚད་ལ་ལི་སྨི་60ནས་65བར་ཡོད་པའི་ཞིང་ཚིགས་བསྐྲུན་དགོས། ཞིང་ཚིགས་ཀྱི་བར་ཐག་ལ་ལི་སྨི་50ནས་60ཡོད་པ་དང་། ཚལ་རྐང་རེ་རེའི་བར་ཐག་ལ་ལི་སྨི་80ནས་100བར་འཇོག་པ། གཏན་འཛུགས་བྱས་རྗེས་ཞིང་ཆུ་ཚད་ལོངས་ཤིག་དྲངས་བ་སོགས་བྱ་དགོས།

        གཏན་འཛུགས་བདེ་འཇགས་དྲོད་ཚད་13℃ཡིན་དགོས་ཤིང་། དགོང་མོའི་དྲོད་ཚད་10℃ལས་དམའ་མི་རུང་། དཔྱིད་མགོར་ས་འོག་གི་དྲོད་ཚད་དམའ་བས་ཞིང་ཆུ་མང་དྲགས་ན་མི་བཟང་། ཞིང་ཆུ་དྲངས་རྗེས་ལམ་སང་ཤལ་རྒྱག་དང་ས་སོབ་སོབ་བྱ་དགོས། ཀུ་བ་ཐོག་མ་སྨིན་ནས་མཐོ་ཚད་ལི་སྨི་10ནས་12ཙམ་ལ་སླེབས་རྗེས་ད་གཟོད་ཞིང་ཆུ་ཐེངས་གཉིས་པ་དྲངས་དགོས། སྤྱིར་བཏང་དུ་ཀུ་བ་སྨིན་ནས་ཉིན་5ནས་7རེ་སོང་མཚམས་ཞིང་ཆུ་དྲངས་བ་དང་བསྟུན་ལུད་རྒྱག་བྱ་དགོས། སྤྱིར་བཏང་དུ་ལུད་རྒྱག་ཐེངས་2ནས་3བར་བྱ་བ་དང་། ཐེངས་རེར་ཞིང་ས་སྨི་གྲུ་བཞི་མ་15ཡི་ནང་ལ་སོལ་སྐྱུར་ཨན་རྫས་སྤྱི་རྒྱ་གཅིག་ཙམ་རྒྱག་དགོས།

        ཆུ་ལུད་དོ་དམ་ལ་དོ་སྣང་བྱ་དགོས། མྱུག་གསོའི་དུས་སྐབས་སམ་མེ་ཏོག་མོར་འབྲས་བུ་ཆགས་པའི་དུས་སྐབས་དང་པོར། ཆུ་དང་ལུད་ཚད་ལས་བརྒལ་ན་འབྱམས་སྐྱེ་བྱ་བའི་ཉེན་ཁ་ཡོད་ཅིང་། ཀུ་བ་སྨིན་པའི་དུས་སྐབས་སུ་ཆུ་དང་ལུད་སྔར་ལྟར་མང་མ་ཐུབ་ན་ཐོན་ཚད་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད། གཞན་འབྲས་བུ་ཐོག་མར་ཆགས་པའི་སྐབས་སུ་འབྲས་བུ་བཞག་གྲངས་མང་དྲགས་ན་ལེགས་པོར་སྨིན་པར་གནོད་ཅིང་། ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་སྲིད།

        དྲོད་ཁང་ནང་གི་ཀུ་བའི་མེ་ཏོག་ལ་འབུ་སྲིན་གྱིས་རྩི་སྦྱོར་བྱེད་མཁན་མེད་པས། མིའི་ཐབས་ཀྱིས་མེ་ཏོག་རྩི་སྦྱོར་བྱ་དགོས་ཏེ། ཉིན་ལྟར་ཞོགས་པའི་ཆུ་ཚོད་6པ་ནས་8པའི་སྐབས་སུ། མེ་ཏོག་ཕོ་བཅད་ནས་ལོ་འདབ་བཤུས་ཤིང་། དེའི་གེ་སར་མེ་ཏོག་མོ་ཟེའུ་འབྲུའི་ནང་དུ་བྱུགས་བྱུགས་བྱས་ནས་རྩི་སྦྱོར་བྱ་དགོས།

5.བཏུ་བ་དང་ཟས་སུ་སྤྱོད་པ།

      ནུབ་ཀ་པེད་ནི་སྣག་མོ་ཡིན་དུས་ཟས་སུ་སྤྱོད་ན་བཟང་། སྣག་མོ་ཡིན་སྐབས་བྲོ་བ་མངར་ཞིང་ཁ་རུ་འཇམ། ཤིང་ཚར་བའི་སྐབས་ཀྱི་བྲོ་བ་དང་སྣག་མོའི་སྐབས་ཀྱི་ནུབ་ཀ་པེད་གཉིས་ཀྱི་བྲོ་བ་ནི་བསྡུར་ཐབས་རྩ་བ་ནས་མེད། སྦྱིར་བཏང་དུ་མེ་ཏོག་མོར་རྩི་སྦྱོར་བྱས་ནས་ཉིན་7ནས་10ཙམ་སོང་རྗེས་དང་། ཀུ་བ་རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ་0.5ཙམ་ཡོད་སྐབས་བཏུས་ན་ཆེས་བཟང་བའི་བཏུ་དུས་ཡིན།

       ནུབ་ཀ་པེད་ཟས་སུ་སྤྱོད་པར་ཐབས་ལམ་མང་པོ་ཡོད་དེ། བརྔོ་བ་དང་མོག་སྙིང་བྱེད་པ་སོགས་སོ།། དཔེར་ན། ནུབ་ཀ་པེད་རྐྱང་བརྔོས་མ་དང་། ནུབ་ཀ་པེད་སྒོང་བརྔོས་མ། ནུབ་ཀ་པེད་ཤ་བརྔོས་མ་དང་། ནུབ་ཀ་པེད་ཀྱི་གོ་རེ་ལྟ་བུ་སོགས་སོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།