ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

​ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།

རྩོམ་པ་པོ།   དུས་ཚོད།   2019-12-17   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

       ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་10ནས་12ཉིན་བར་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།

       ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། 2019ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2020ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད། ལི་ཁེ་ཆང་གིས་གསུང་བཤད་ནང་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་གནང་བ་དང་སྦྲགས། ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

        ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། འདི་ལོ་ཤར་ཚུན་དུ་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་འཕྲད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཀུན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབས་པས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རྒྱས་བྱུང་བ། གནད་སྨིན་དབུལ་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱུང་བ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་གལ་ཆེན་སྤོས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་ཕྱིན་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་མངོན་འགྱུར་བྱུང་ཚད་སྔོན་དཔག་དང་མཐུན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་གལ་ཆེའི་འཕེལ་རྒྱས་གསར་པ་བཅས་བྱུང་ཡོད།

       ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་པ་དང་ཆབས་ཅིག ངེས་པར་དུ་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག འཕར་སྣོན་སྒུལ་ཤུགས་བརྗེ་སྒྱུར་བཅས་བྱེད་པའི་འགག་སྒྲོལ་དུས་མཚམས་སུ་གནས་པ་དང་། གྲུབ་ཆའི་རང་བཞིན་དང་། སྒྲིག་སྲོལ་རང་བཞིན། དུས་མཚམས་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་མཉམ་འདྲེས་དང་། “དུས་མཚམས་གསུམ་གཅིག་ཏུ་འཁེལ་བའི”ཤུགས་རྐྱེན་རྒྱུན་མཐུད་ནས་གཏིང་ཟབ་ཏུ་འགྲོ་བ། དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བ་བཅས་ལ་ངོས་འཛིན་གསལ་པོ་བྱེད་དགོས། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་མུ་མཐུད་འགོར་དུ་ཕྱིན་ནས། སྔར་བཞིན་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་རྗེས་ཀྱི་ལེགས་སྒྲིག་གཏིང་ཟབ་བྱེད་པའི་དུས་མཚམས་སུ་གནས་པ་དང་། འཛམ་གླིང་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བའི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ། གོ་ལ་ཧྲིལ་པོར་ཡམ་ཡོམ་གྱི་འབྱུང་རྩ་དང་ཉེན་ཁའི་གནས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་བཅས་ཡིན་པས། ང་ཚོས་ལས་ཀའི་སྔོན་ཇུས་ཡག་པོ་བསྒྲུབ་དགོས།

        ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཕྱི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་མཇུག་བསྡུ་བའི་ལོ་ཞིག་རེད། ཕྱི་ལོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་རྨང་གཞི་ཡག་པོ་ཞིག་འདིང་བར་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་པ། འཕར་རྒྱུ་བརྟན་པོ་ཡོང་བ་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་པ་ལས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་མཇུག་ཕུན་སུམ་ཚོགས་པའི་ངང་སྒྲིལ་ཐུབ་པའི་འགན་ལེན་བྱུང་བར་མ་ཟད། མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱུང་ཡོད།

            ཚོགས་འདུའི་ཐོག་ཕྱི་ལོར་གཤམ་གསལ་གྱི་གཙོ་གནད་ལས་དོན་ཁག་དམ་འཛིན་བྱེད་དགོས་པའི་གཏན་འཁེལ་གནང་བ་སྟེ།

           གཅིག་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་དགོས་ཤིང་། འདུ་ཤེས་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་ཡིན། དུས་རབས་གསར་པར་འཕེལ་རྒྱས་དམ་འཛིན་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་སྔར་བས་འབུར་དུ་ཐོན་པར་བྱས་ཐོག་བློ་བརྟན་འགྱུར་མེད་ངང་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་རང་རྒྱལ་གྱི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་པ་དང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འགྱུར་ལྡོག་ཕྱིན་པའི་ལྡོག་མེད་ཀྱི་བླང་བྱ་དང་ངེས་པར་དུ་འཚམ་པར་བྱས་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ནན་པོར་གཞིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པར་བསམ་བློ་གཅིག་སྡུད་བྱེད་དགོས།

          གཉིས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱེད་པར་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཤིན་ཏུ་དབུལ་པོ་མེད་པར་བཟོ་བའི་དམག་འཐབ་ཡག་པོ་བརྒྱབ་ནས་སྲིད་ཇུས་དང་མ་དངུལ“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་གཙོ་གནད་ཐོག་ཕྱོགས་པར་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་དང་། མི་འབོར་དབུལ་པོ་ཕྱིར་འཐེན་གྱི་འགག་སྒོ་ནན་སྲུང་། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ལམ་སྲོལ་བཙུགས་ནས་དབུལ་པོ་རང་ལོག་མི་འབོར་དང་གསར་དུ་ཐོན་པའི་མི་འབོར་དབུལ་པོར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་མི་ཆག་པ་མཐའ་འཁྱོངས་བྱས་ཐོག་སྦགས་བཙོག་གནད་འཁེལ་གཙང་སེལ་དང་། སྦགས་བཙོག་ཚན་རིག་དང་མཐུན་པའི་ངང་གཙང་སེལ། སྦགས་བཙོག་ཁྲིམས་ལྟར་གཙང་སེལ་བཅས་མངོན་གསལ་དོད་པོ་བྱས་ནས། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་དམག་འཐབ་གཙོ་གནད་ཐོག་ཡག་པོ་རྒྱག་པར་འབྲེལ་ཡོད་བཅོས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས། རང་རྒྱལ་གྱི་དངུལ་རྩའི་མ་ལག་སྤྱིའི་ཆ་ནས་སྐྱོན་བྲལ་ཡིན་ཞིང་ཉེན་ཁ་སྣ་ཚོགས་སེལ་བའི་ནུས་པ་ལྡན་ཡོད། གཞི་ཆེན་འདེགས་ཤིང་ཚད་སྤྱིར་ན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་དགོས།

          གསུམ་ནས་དམངས་འཚོ་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་དང་ལེགས་སུ་ནུས་ལྡན་འགྲོ་བའི་འགན་ལེན་བྱེད་དགོས་ཤིང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ནས་གཞི་རྩ་འགན་ལེན་བྱེད་པར་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ལ་སྣང་ཆེན་བྱས་ཏེ། འགག་རྩའི་དུས་ཀྱི་མཚམས་ཚིགས་དང་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། ལས་ཞུགས་བསྡོམས་འབོར་བརྟན་པོ་བཟོ་བ་དང་། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བཅས་བྱས་ནས། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་མི་ཐོན་པའི་འགན་ལེན་བྱེད་དགོས། དམངས་འཚོའི་ཞན་ཆ་མགྱོགས་མྱུར་གསབ་ནས་གྲོང་ཁྱེར་དུ་ལས་ཀར་ཡོང་བའི་ལས་མིའི་བུ་ཕྲུག་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།

        བཞི་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་ལག་ལེན་བསྟར་དགོས་ཤིང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་ལ་སྔར་བས་སྣང་ཆེན། སྤྱིར་བཏང་རང་བཞིན་གྱི་གཏོང་ཆ་མཐའ་གཅིག་ཏུ་ཉུང་འཕྲི། གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། གཞི་རིམ་གྱི་གླ་ཕོགས་དང་། གཞི་རིམ་གྱི་འཁོར་རྒྱུག གཞི་རིམ་གྱི་གཞི་རྩའི་དམངས་འཚོ་བཅས་འགན་ལེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དངུལ་ལོར་སྲིད་ཇུས་བརྟན་པོ་སྟབས་བསྟུན་འོས་འཚམ་དགོས་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་རྒྱུན་འཁྱོངས། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་དེ་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པ་བཅས་བྱས་ནས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་དགོས། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དངུལ་ལོར་སྲིད་ཇུས་བརྒྱུད་ཁྲིད་ལམ་སྲོལ་ཤར་གཏོང་དང་བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་མ་དངུལ་བསྡུ་སྒྲིལ་མང་དུ་བཏང་ནས། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཁག་གི་མ་དངུལ་བསྡུ་སྒྲིལ་དཀའ་བ་སོགས་ཀྱི་གནད་དོན་སྔར་བས་ཞི་ལྷོད་དུ་གཏོང་དགོས།

        ལྔ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཤིང་། སྲ་བརྟན་དང་། ཤུགས་སྣོན། མཐོར་གཏོང་། ཤར་གཏོང་བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་ཡར་སྐུལ་དང་སྒྱུར་བཅོས་སྒོ་དབྱེའི་འཁོར་ལོ་གཉིས་ལ་བརྟེན་ནས། དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཧྲིལ་པོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། ཞིང་ལས་ཐོན་སྐྱེད་ཀྱི་འགན་ལེན་མཁོ་སྤྲོད་ལ་དམ་འཛིན་ནན་པོ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ཞིང་པར་འབབ་འཕར་དང་གྲོང་གསེབ་དར་རྒྱས་ཡོང་བར་སྣེ་ཁྲིད་བཅས་བྱེད་དགོས། ཕག་པའི་ཐོན་ལས་སླར་གསོ་མགྱོགས་མྱུར་བྱས་ནས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་མགྱོགས་སུ་གཏོང་བ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་བ། ལག་རྩལ་གསར་གཏོད་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་གདོད་མའི་གསར་གཏོད་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ཤེས་ལྡན་པ་ཤེས་རྟོགས་དང་། གསོ་སྐྱོང་། ལྕག་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

        དྲུག་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་པ་མགྱོགས་སུ་གཏོང་བ་དང་གཞུང་ཁོངས་མ་རྩའི་བཀོད་པ་ལེགས་སྒྲིག་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ས་ཞིང་ལ་འཆར་འགོད་དོ་དམ་བྱེད་ཐབས་སྒྱུར་བཅོས་བྱས་ཏེ་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མ་རྐང་ཁྲོམ་རར་ཞུགས་པའི་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་བ། ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་གཏོད་མ་རྐང་དང་ཁྲོམ་རར་ཞུགས་མེད་པའི་མ་རྐང་གི་ལས་སྟེགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། དངུལ་ཁང་ཆེ་མོའི་ཞབས་ཞུའི་གཙོ་གནད་གཤམ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ། དངུལ་ཁང་འབྲིང་ཆུང་གིས་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཡིད་རྟོན་ཁང་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འགན་བཅོལ་ཀུང་སིའི་འགན་སྲུང་བྱེད་ནུས་བསྐྱར་གསོ་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས།

       ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་རྒྱུ་ནི་ཕྱི་ལོའི་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བརྒྱབ་སྟེ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་པར་ཏན་ཏིག་བསྒྱུར་དགོས།

       ཚོགས་འདུའི་ཐོག་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ནུས་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་རླབས་ཆེན་མཐའ་གཅིག་ཏུ་ལེན་དགོས་པའི་འབོད་སྐུལ་བྱས་ཡོད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།