ཀ་ག་ཅ་ཇ་ཏ་ད་སོགས་ཇི་ལྟར་ཀློག་གམ།

རྩོམ་པ་པོ།    ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2019-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                འདིར་ཆེད་དུ་ཞུ་བྱར། སློབ་ཆུང་གི་དགེ་རྒན་འགས་གསལ་བྱེད་སུམ་ཅུ་ཇི་ལྟར་ཀློག་ཅེས་དྲིས་པའི་ལན་དུ། ཕྲན་གྱིས་རང་གི་ཕ་ཡུལ་གཙོར་བྱས་པའི་ཡི་གེའི་ཀློག་སློབ་པ་རྣམས་ཀྱི་ལུགས་ལ་གཞི་བཅོལ་ཏེ། གསལ་བྱེད་སུམ་ཅུའི་ནང་གི་ཀ་ག་གཉིས་དང་། དེ་བཞིན་ཅ་ཇ་དང་། ཏ་ད་དང་། པ་བ་བཅས་སོ་སོར་ཇི་ལྟར་ཀློག་པའི་ཚུལ་རགས་པ་ཙམ་ཞིག་བཤད་པར་བྱའོ། །

                འགའ་ཞིག་ན་རེ། གསལ་བྱེད་སུམ་ཅུ་རྐྱང་པར་ཀློག་པའི་ཚེ་ནའང་། ག་དང་། ཇ་དང་། ད་དང་། བ་བཅས་སྔ་མའི་ཀ་དང་། ཅ་དང་། ཏ་དང་། པ་བཅས་ཀྱི་སྒྲ་དང་མཐུན་པར་བཀླག་པར་བྱ་བ་ཡིན་ཏེ། ཁམས་དང་ཨ་མདོའི་ཕྱོགས་ཀྱི་ས་ཆ་འགའི་ཀློག་སྟངས་མ་དག་པ་འདྲ། ཞེས་སྨྲ་ནའང་། འདི་ཕྱོགས་ཀྱི་ཀློག་སློབ་པའི་མཁས་པ་མང་པོས་སྔར་ནས་ད་ལྟའི་བར་དུ་ཀ་མད་སུམ་ཅུ་རྐྱང་པར་སློབ་ཚེ་ཀ་ག༵་དང་ཅ་ཇ༵་དང་། ཏ་ད༵་དང་། པ་བ༵་རྣམས་སྒྲ་སྔ་ཕྱི་མཐུན་པར་མི་ཀློག་སྟེ། ཀློག་ལ་ཤིན་ཏུ་བྱང་བ་ཉིན་རེར་པདྨ་བཀའ་ཐང་ཚར་གསུམ་རེ་འགྲོ་བའི་བན་རྒན་འགའ་རེར་ཀ་མད་སུམ་ཅུ་ཕྲེང་བར་ཀློག་ཚེ་ཀ་ག༵་དང་ཅ་ཇ༵་དང་ཏ་ད༵་སོགས་སྒྲ་མཐུན་པར་བཀླག་དགོས་ཚུལ་ལབ་ཚེ། ད་ནི་གསལ་བྱེད་སུམ་ཅུར་ཡང་ཉ་ཉོག་གི་རྒྱུ་མཚན་ལོག་པ་དྲངས་ཏེ་ཀློག་སྟངས་ཀྱང་སྔར་དང་མི་འདྲ་བ་རེ་བྱེད་བཞིན་གདའ་ཞེས་འཁང་ར་དང་བཅས་ལན་སྨྲ་བར་བྱེད།

               འོ་ན། ཀློག་སྟངས་འདི་གཉིས་ལས་གང་འགྲིག་གམ་ཞེ་ན། འདི་ནི་ཡང་དག་དང་གཞན་ནི་རྨོངས་པའོ། །ཞེས་ཁ་ཚོན་ཆོད་པར་དཀའ་ཡང་། ཁོ་བོའི་བསམ་ཚུལ་ལ་གཉིས་པོར་མ་འགྲིག་པ་ཆེར་མེད་ནའང་། ཕྱི་མ་དེ་ཀ་ཁ་སློབ་པའི་ལས་དང་པོ་བ་ཞིག་ལ་ཅུང་འཚམས་པར་འདོད་དེ། གང་ལགས་ཤེ་ན། གལ་ཏེ་ག་ཇ་ད་བ་རྣམས་སྔ་མའི་ཀ་ཅ་ཏ་པ་རྣམས་དང་སྒྲ་མཚུངས་པར་བསླབས་ཚེ། བྱིས་པ་རྣམས་ཀྱིས་བཀྲ་དང་བགྲ་དང་། གདན་དང་གཏན་ལྟ་བུ་སོགས་འོག་ཏུ་འཆད་འགྱུར་ག་ཇ་ད་བ་རྣམས་སྔ་མའི་ཀ་ཅ་ཏ་པ་དང་སྒྲ་མི་མཐུན་པར་བཀླག་དགོས་པ་རྣམས་སྒྲ་མཐུན་པར་བཀླག་པར་འགྱུར་བས།  ག་ཇ་ད་བ་རྣམས་ལ་ལོགས་སུ་སྒྲ་གཞན་དེའང་བསླབ་པའི་ངལ་བ་ལྷག་མ་ཞིག་ཀྱང་འབྱུང་བའི་ཕྱིར་དང་། ས་པཎ་བྱིས་འཇུག་སོགས་སུའང་དེ་ཚུལ་ཅུང་ཟད་བྱུང་ངོ་། །

              གཞན་ཡང་། སྣར་ཐང་ལོ་ཙཱ་བ་སོགས་ཀྱི་སྔགས་བཀླག་ཐབས་རྣམས་སུ། མིང་གི་ཐོག་མར་སྡེ་བ་ཡི། །གསུམ་པ་འས་འཕུལ་བཞིན་དུ་བཀླག །ཅེས་པ་སོགས་འདུག་ལ། འདིར་བསྟན་སྡེ་བ་རྣམས་ཀྱི་གསུམ་པ་ནི་ག་ཛ་ཌ་ད་བ་རྣམས་ཡིན་ལ། ཡི་གེ་འདི་རྣམས་མིང་གི་ཐོག་མཐའ་བར་གསུམ་ལས་ཐོག་མར་བྱུང་ན་སྔོན་འཇུག་འ་ཡིག་གིས་འཕུལ་བ་བཞིན་དུ་བཀླག་དགོས་ཞེས་གསུངས་ལ། དབུས་མཐར་བྱུང་ན་བོད་དང་མཚུངས་ཞེས་ཀྱང་གསུངས་མོད། དེ་ནི་དཔྱད་པའི་གནས་སུ་མཐོང་སྟེ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུང་སྔགས་སོགས་སུ། བེ(འབེ)ག(འག)ར་ཎ་ར་ཎ། ཞེས་དང་།  ག(འག)ག(འག)ན། ཞེས་དང་། ཏ་ཐཱ་ག(འག)ཏཱ་ཡ། ཞེས་དང་། ད(འད)ཧ་ད(འད)ཧ་བཛྲ། ལྟ་བུ་སོགས་དབུས་མཐར་བྱུང་བའང་འས་འཕུལ་བཞིན་དུ་ཀློག་པས།  བོད་དང་མཚུངས་ཞེས་པ་ཀ་ཏ་པ་རྣམས་ཀྱི་སྒྲ་དང་མཚུངས་པར་ཀློག་ཅེས་པའི་དོན་མིན་པར་སྣང་ལ། གཞན་བ་ཡིག་ནི་སྔགས་ཀྱི་སྐབས་སུ་བར་རེར་ཝ་སྒྲ་ལྟ་བུ་དང་། སྐབས་རེར་འབའ་སྒྲ་ལྟ་བུ་སོགས་སུ་འགྱུར་བའང་འདུག་གོ །

             སྤྱིར་ང་ཚོའི་ས་ཕྱོགས་ནས་འདི་ལྟར་ཀློག་པར་བྱེད་དེ། ཀ་མད་སུམ་ཅུ་རང་རྐྱང་དུ་ཀློག་པའི་སྐབས་སུ་དང་། སྔོན་འཇུག་ཞུགས་པའི་སྐབས་སུ་ག་ཇ་ད་བ་རྣམས་སྔ་མའི་ཀ་ཅ་ཏ་པ་བཅས་དང་སྒྲ་མི་མཐུན་པར་སོ་སོར་ཀློག་སྟེ།  ཀ་ཁ་ག༵་ང་།  །ཅ་ཆ་ཇ༵་ཉ། །ཏ་ཐ་ད༵་ན། །པ་ཕ་བ༵་མ། །ལྟར་དང་། དག༵ག་དང་། བག༵ད་དང་། མག༵ལ་དང་། འགོ༵ག་དང་། མཇ༵ལ་དང་། འཇོ༵ག་དང་། གད༵ན་དང་། བད༵ག་དང་།  མད༵ངས་དང་།  འད༵ར་དང་། དབ༵ང་སོགས་ལྟ་བུའོ། །

              མགོ་ཅན་སྔོན་འཇུག་ཞུགས་པ་དང་མ་ཞུགས་པའི་སྐབས་སུའང་གོང་དང་འདྲ་བར་སྔ་མའི་ཀ་ཅ་ཏ་པ་རྣམས་དང་སྒྲ་མི་མཐུན་པར་སོ་སོར་ཀློག་སྟེ། དཔེར་ན།  བརྒ༵ལ་དང་། ལྒ༵་དང་། སྒ༵་དང་། བསྒྲ༵གས་དང་། བརྗི༵ད་དང་།  རྗ༵ང་བ་དང་།  ལྗ༵ང་དང་།  བརྡ༵ར་དང་། རྡ༵་དབན་དང་། ལྡ༵ན་དང་། བསྡ༵ད་དང་། སྡ༵ང་དང་། རྦ༵་དང་།  ལྦ༵་ན༵ད་དང་། སྦ༵་བྱ་ལྟ་བུ་སོགས་སོ།  །འདོགས་ཅན་གྱི་སྐབས་སུ་གོང་དང་མི་འདྲ་སྟེ། སྔོན་འཇུག་ཞུགས་པའི་ཚེ། དགྱེ༵་དང་། མགྱོ༵ག་དང་། དགྲ༵་དང་། འགྱུ༵་དང་། འདྲ༵་དང་། དབྱ༵ངས་དང་། དབྲ༵་ལྟ་བུ་སོགས་གོང་དང་འདྲ་ལ། སྔོན་འཇུག་ཞུགས་མེད་ཚེ་གོང་དང་འདྲ་མི་འདྲ་ཅི་རིགས་ཏེ། དཔེར་ན། གྱ༵ང་དང་། གྲ༵་དང་། གླ༵་དང་། གྭ༵་གྭ༵་དང་། དྲ༵་དང་། དྭ༵་ཕྲུག(དོ་ཕྲུག་ཡིན་པར་ཡང་བཤད།)སོགས་གོང་དང་མི་འདྲ་བར་ཀ་ཏ་གཉིས་ཀྱི་སྒྲ་དང་མཐུན་པར་ཀློག་ལ། བ༵་ཡིག་སྟེ། དཔེར་ན། བྱ༵་དང་། བྲ༵་དང་། བླ༵་ལྟ་བུ་རྣམས་པ༵་ཡིག་གི་སྒྲ་དང་མི་མཐུན་པར་ཀློག་པ་ལྟ་བུ་སོགས་སོ། །

              མགོ་འདོགས་གང་ཡང་མ་ཞུགས་པའི་དབྱངས་བཞི་གང་རུང་ཅན་ཏེ། གི་གུ་གེ་གོ་དང་། ཇི་ཇུ་ཇེ་ཇོ་དང་། དི་དུ་དེ་དོ་རྣམས་སྔ་མའི་ཀི་ཀུ་ཀེ་ཀོ་དང་། ཏི་ཏུ་ཏེ་ཏོ་དང་། ཅི་ཅུ་ཅེ་ཅོ་དང་མཐུན་པར་ཀློག་ཅིང་། བི་བུ་བེ་བོ་ནི་སྔ་མའི་པི་པུ་པེ་པོ་དང་མི་མཐུན་པར་ཀློག་གོ།དབུས་གཙང་པ་ཕལ་མོ་ཆེས་བི་བུ་བེ་བོ་དང་པི་པུ་པེ་པོ་འདི་གཉིས་སྒྲ་ཕལ་ཆེར་མཐུན་པ་ལྟར་དུ་ཀློག་མོད་ཀྱང་། ང་ཚོའི་ཕྱོགས་ནས་འདི་གཉིས་ཀྱི་སྒྲ་མི་མཐུན་པར་ཀློག་གོ །

             སྔོན་འཇུག་རང་རྐྱང་བར་ཀློག་ཚེ། ག༵་ད༵་བ༵་མ་འ་ཞེས་ཀ་ཏ་པ་བཅས་ཀྱི་སྒྲ་དང་མི་མཐུན་པར་ཀློག་མོད། འོན་ཏེ། ག༵་ད༵་གཉིས་མིང་གཞིའི་སྔོན་དུ་དངོས་སུ་ཞུགས་པའི་སྐབས་སུ། ཀ་ཏ་གཉིས་ཀྱི་སྒྲ་དང་མཐུན་པར་ཀློག་སྟེ། དཔེར་ན། ག༵ཡང་དང་། ག༵ཞག་དང་། ག༵ཅར་དང་། ད༵ཀར་དང་། ད༵བྱངས་དང་། ད༵ངར་ལྟ་བུ་སོགས་སོ། །སྔོན་འཇུག་བ་ཡིག་མིང་གཞིའི་སྔོན་དུ་དངོས་སུ་ཞུགས་པའི་སྐབས་སུ། པ༵་ཡིག་གི་སྒྲ་དང་མཐུན་པར་མི་ཀློག་སྟེ། བ༵ཀར་དང་། བ༵ཅར་དང་། བ༵ཙལ་ལྟ་བུ་སོགས་སོ། །རྗེས་འཇུག་གི་སྐབས་སུའང་ག༵་ང་ད༵་ན་བ༵་མ་འ་ར་ལ་ས་ཞེས་ག༵་ད༵་བ༵་གསུམ་ཀ་ཏ་པ་བཅས་ཀྱི་སྒྲ་དང་མི་མཐུན་པར་ཀློག་མོད། འོན་ཏེ། གོང་དང་འདྲ་བར་ག༵་ད༵་གཉིས་མིང་གཞིའི་རྗེས་སུ་དངོས་སུ་ཞུགས་པའི་སྐབས་སུ། ཀ་ཏ་སྒྲ་དང་མཐུན་པར་ཀློག་སྟེ། དཔེར་ན། ཁག༵་དང་། ཅག༵་དང་། ཐག༵་དང་། གད༵་དང་། སད༵་དང་། ཧད༵་ལྟ་བུ་སོགས་སོ། །རྗེས་འཇུག་བ༵་ཡིག་མིང་གཞིའི་རྗེས་སུ་དངོས་སུ་ཞུགས་པའི་སྐབས་སུ། པ་ཡིག་གི་སྒྲ་དང་མི་མཐུན་པར་ཀློག་སྟེ། དཔེར་ན། ཁབ༵་དང་། ཆབ༵་དང་། ནབ༵་ལྟ་བུ་སོགས་སོ། །བ༵་ཡིག་འདི་རང་ཁེར་བུར་ཀློག་དུས་དབུས་གཙང་དང་ཁམས་ཕྱོགས་ཀྱི་ས་ཆ་འགའ་རེས་པ༵་ཡིག་གི་སྒྲ་དང་མཐུན་པ་ལྟར་དུ་ཀློག་ཀྱང་། སྔོན་འཇུག་དང་རྗེས་འཇུག་སོགས་ཀྱི་སྐབས་སུ་ཁོ་རང་ཚོས་ཀྱང་བ༵་ཡིག་ཉིད་དུ་ཀློག་པ་ལས་པ༵་ཡིག་གི་སྒྲ་མི་ཐོན་པར་འདུག་ལ། འདི་དག་ལ་ཞིབ་པར་དཔྱད་ན་མང་ཡང་། གནས་སྐབས་འདི་ཙམ་གྱིས་འཐུས་པར་བྱ།

              གཞན་ཡང་འདིར་གསལ་ཁ་དགོས་པ་ཞིག་ལ། ཀ་ག༵་དང་། ཏ་ད༵་དང་། ཅ་ཇ༵་དང་། པ་བ༵་བཅས་ཀྱི་སྒྲ་ཕན་ཚུན་མཐུན་པར་ཀློག་མིན་ཟེར་བ་དེ་རགས་བཤད་ཙམ་གྱི་དབང་དུ་བྱས་པ་ལས། ཡི་གེ་འདི་དག་གི་སྐྱེ་གནས་དང་། བྱེད་རྩོལ་གྱི་སྒྲ་ཤུགས་ཆེ་ཆུང་དང་། མཐོ་དམན་དང་། ལྷོད་ཞན་སོགས་ཀྱི་ཁྱད་པར་དང་། འཕུལ་དང་མགོ་འདོགས་སོགས་ཀྱི་དབང་གིས་སྒྲ་རྩོལ་དྲག་ཞན་བར་མ་སོགས་སུ་འགྱུར་བ་སོགས་འདིར་སྨྲ་མ་སྤོབས་ཏེ། ཞིབ་ཆ་དེ་དག་ཆེད་དུ་ཞིབ་འཇུག་བྱས་ན་མ་གཏོགས་འདི་ལྟར་ཧལ་ཧོལ་གྱིས་བྲིས་པས་མི་འོངས་པ་ཤིན་ཏུ་གསལ་བ་དེའོ། །

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།