རི་བོང་བཅལ་འདྲོགས།

རྩོམ་པ་པོ།   དུས་ཚོད།   2019-11-07   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

           སྔོན་མཚེའུ་ཞིག་གི་འགྲམ་ན་ཤིང་བིལ་བའི་ཚལ་ཡོད་པ་དེར་རི་བོང་དྲུག་གནས་ཡོད་པ་དང་།ཉིན་ཞིག་ཤིང་བིལ་བའི་ཚལ་དེ་ནས་བིལ་བ་ཞིག་མཚེའུའི་ནང་དུ་ལྷུང་ནས་“ཅལ་”ཟེར་བའི་སྒྲ་བྱུང་བ་དེ་རི་བོང་དྲུག་པོས་ཐོས་པས་སྐྲག་ནས་བྲོས།

           དེ་དག་བྲོས་པ་ཝ་མོ་ཞིག་གིས་མཐོང་ནས་ཁོ་ཚོར་“གང་གི་དོན་དུ་བྲོས་འགྲོ་བ་ཡིན་”ཞེས་དྲིས། དེར་ཁོ་ཚོས་“ཅལ་བྱུང་ངོ་”ཞེས་བཤད་པས་ཝ་མོ་ཡང་བྲོས། དེ་ནས་ཝ་མོ་དང་རི་བོང་ཐམས་ཅད་འབྲོ་བཞིན་པ་སྤྲེའུ་དང་། ཕག མ་ཧེ། གླང་པོ་ཆེ། དོམ། སྟག་སོགས་ཀྱིས་མཐོང་ནས་ཅི་བྱུང་དྲིས་པ་ན། ཁོ་ཚོས་མཉམ་གཅིག་དུ་ཅལ་བྱུང་ངོ་ཞེས་བཤད་པས།ཅི་ཡིན་གང་ཡིན་གསལ་བོ་མ་ཤེས་པར་ཆག་འཇིག་ཆེན་པོ་བྱུང་སོང་སྙམ་ནས། གཅིག་སྔོན་གཅིག་གིས་བླངས་ནས་བྲོས།

           དེ་ནས་ཁོ་ཚོ་ནགས་ཚལ་ཆེན་པོ་ཞིག་གི་འདབས་སུ་སླེབས་དུས་སེང་གེ་རལ་པ་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་ཡོད་པ་དེས་གླང་བོ་ཆེ་སོགས་བྲོས་པ་མཐོང་ནས་“ཁྱེད་ཚོ་སྡེར་མོ་དང་མཆེ་བའི་སྟོབས་ཅན་ཡིན་ན་གང་གི་དོན་དུ་བྲོས་སམ་”ཞེས་དྲིས་པ་ལ།ཚང་མས་མཉམ་གཅིག་དུ་ཅལ་ཞེས་པ་ཐོན་བྱུང་ཞེས་བཤད།

           སེང་གེས་“ཅལ་ཟེར་བ་དེ་གང་ནས་བྱུང་”ཞེས་དྲིས།སྐབས་དེར་སྟག་དང་དོམ་སོགས་ཀྱིས་རི་བོང་དང་ཝ་མོ་ལ་མིག་རིག་རིག་གིས་བལྟས་པ་ན། རི་བོང་གིས་འདི་དང་ཐག་ཅུང་ཉེ་སའི་མཚེའུ་ཞིག་གི་ནང་དུ་ཡོད་ཅེས་བཤད།དེར་སེང་གེས་“ཁྱོད་ཚོ་མ་བྲོས་ཤིག་བརྟག་དཔྱད་བྱེད་དོ། ཁྱོད་ལ་སུས་བཤད་བྱུང་ངམ་”ཞེས་དྲིས། ཁོ་ཚོས་“ཝ་མོས་བཤད་བྱུང་”ཞེས་ལན་བཏབ།དེ་བཞིན་དུ་ཝ་མོས་“རི་བོང་གིས་བཤད་བྱུང་”ཟེར། ཡང་སེང་གེའི་རི་བོང་ལ་ཁྱོད་ལ་སུས་བཤད་བྱུང་ཞེས་དྲིས་པའི་ལན་དུ་རི་བོང་གིས་“ང་ཚོས་འཇིགས་པ་དེ་མངོན་སུམ་དུ་མཐོང་བྱུང་།  ཚུར་ཤོག་དང་། ཅལ་ཟེར་བ་དེ་གང་ནས་བྱུང་བ་སྟོན་ཆོག་”ཅེས་བཤད་དེ་སེང་གེ་ཁྲིད་ནས་བིལ་བའི་ཚལ་བསྟན་ཏེ་“ཅལ་ཟེར་བ་དེ་འདི་ནས་བྱུང་ངོ་”ཞེས་བཤད་པ་དང་།

          ཡང་ཚལ་དེ་ནས་བིལ་བ་ལྷུང་སྟེ་ཅལ་ཟེར་བ་ཞིག་བྱུང་བས་སེང་གེས་“འདི་ནི་ཅལ་མ་ཡིན་པར་བིལ་བ་མཚེའུ་ནང་དུ་ལྷུང་བའི་སྒྲུ་རེད་ཅེས་བཤད་པ། རི་བོང་དང་ཝ་མོ་ལ་སོགས་སྲོག་ཆགས་རྣམས་ངོ་ཚ་སྟེ་མགོ་སྨད་དེ་བསྡད་དོ།

          རི་བོང་བཅལ་འདྲོགས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།