ཚལ་བྲན་ཉག་ཁ།

རྩོམ་པ་པོ།   དུས་ཚོད།   2019-11-04   རྩོམ་ཁུངས།   


གཅིག ཆགས་དབྱིབས་དང་རྣམ་པ།

          ཚལ་བྲན་ཉག་ཁའི་ཤར་ཕྱོགས་སུ་འོམ་ཐང་དང་གཏེར་མཚོ་ཕྱུག་མོ་དང་། ཤར་ལྷོ་རུ་རྒྱ་མཁར། ལྷོ་ཕྱོགས་སུ་འཇིང་མོ། ནུབ་ཕྱོགས་སུ་ཀ་བུ་སྟག་རྩེ། བྱང་ཕྱོགས་སུ་ལུང་ཟིའི་དེའུ་ལེབ་བཅས་ཡོད་པ་དང་། ཚལ་བྲན་ཉག་ཁ་ནི་རྨ་འབྲི་གཉིས་དབྱེ་མཚམས་རི་རྒྱུད་དང་ཞིང་ཆེན་རིམ་པའི་གཞུང་ལ་ལམ་༢༠༩རྒྱུད་ཀྱི་ལ་གཟར་ཤོས་དང་མཚོ་ངོས་ལས་འཕགས་ཚད་མཐོ་ཤོས་ཡིན། སྤྱིར་རི་རྒྱུད་འདི་ལ་ལུང་བ་ཤིན་ཏུ་མང་བའི་རི་རྒྱུད་རིང་ཤོས་ཤིག་ཡིན་པ་དང་རིའི་ཕར་ཚུར་གྱི་ལ་ལུང་ཀུན་ནས་ཆུ་ཕྲན་བརྒྱ་ཕྲག་མང་པོ་སྐ་ཆུ་དང་སོ་མང་ཆུ་བོའི་ནང་དུ་འདྲེས་ནས་མཐར་རྨ་འབྲི་གཉིས་ཀྱི་ནང་དུ་བཞུར་ཡོད་པས་ཞིང་ཆེན་རིམ་པའི་གཞུང་ལམ་༢༠༩འགྲམ་རྒྱུད་ལས་རྨ་ཆུ་དང་འབྲི་ཆུའི་དབྱེ་མཚམས་ཀྱི་རི་རྒྱུད་ཡིན་པར་གྲགས་པ་རེད།

གཉིས། ངག་རྒྱུན། 

         ཚལ་བྲན་ཉག་ཁའི་ཚུར་ལོགས་ཀྱི་ཚལ་རྒན་ཐང་ཕྱོགས་ན་སྔོ་རྒན་ཞེས་ལུང་པའི་ནང་ཀུན་རྩི་ཤིང་གི་གང་ཡོད་ས་ཞིག་ཡོད་པ་ནི་སྔོན་ཁལ་ནག་དབལ་ཤུལ་ཞེས་འབྲོག་སྡེ་ཆེན་པོ་དེ་སྐ་ཁོག་བརྒྱུད་ནས་འགྲོ་སྐབས་ས་དེ་ནས་གཡག་སྔོ་རྒན་ཞིག་ཤུལ་དུ་ལུས་པའི་སྔོ་རྒན་ཞེས་ས་མིང་དུ་ཐོགས་པར་བཤད། སྤྱིར་ཧུང་ཡོན་རྫོང་གི་ས་ཁོངས་སུ་འབྲོག་སྡེ་འདིའི་གཏམ་རྒྱུད་དང་རྗེས་ཤུལ་ཤིན་ཏུ་མང་བ་དཔེར་ན་སྔོ་རྒན་དང་མཆོད་ནག་ཅན། སྟག་ལུང་། སྦྲ་རུལ་ནགས་སོགས་ཡོད་ཀྱང་ངག་རྒྱུན་ཙམ་ལས་རིག་རྫས་རྟོག་ཞིབ་བྱས་པ་དང་ལོ་རྒྱུས་དཔེ་ཆ་སོགས་སུ་འཁོད་པ་མེད། 

གསུམ། ས་གནས། 

         ཧུང་ཡོན་རྫོང་ཟངས་དཀར་ཡུལ་ཚོ་ནས་བྱང་ཕྱོགས་སུ་སྤྱི་་ལེ་༡༦ཅམ་སོང་མཚམས་ན་ཡོད། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།