ངའི་ སྒེར་ ནོར།

རྩོམ་པ་པོ།   (ཨ་མེ་རི་ཁ) ཝའེ་ཏི་མའེ་ལཱེ་ཡིས་བརྩམས། སངས་རྒྱས་སྒྲོལ་མས་བསྒྱུར། དུས་ཚོད།   2019-10-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


             སྟོན་ཁར། ས་འཛིན་གྱི་ཁྱོན་ཡོངས་ལོ་མ་སེར་པོས་གཡོག་ཀྱང་གཡའ་ཤིང་གི་ལོ་མར་དཔྱིད་ཀའི་མེ་ཏོག་དང་འདྲ་བར་དམར་མདོག་མངོན། ཉི་འོད་དྲོ་ཞིང་མཁའ་དབུགས་གཙང་ལ། རླུང་ཕྲན་ཙམ་ཡང་མེད། རི་འདབས་ཀྱི་མཚེའུ་ནི་དྭངས་ཤིང་གཙང་ལ་ལྷིང་འཇགས་ཀེར་གནས་ཡོད།ཡིན་ནའང་འཁྱག་པར་གྱུར་པས་ཆུ་རྐྱལ་མི་ཐུབ། ཚ་གཡོལ་རི་གྲོང་དང་བྲལ་ཏེ་གྲོང་ཁྱེར་ལ་ལོག་པའི་དུས་སྐབས་ལའང་ཐོན་འདུག

           ཅཱ་ཏི་སེན་གྱི་ཆུང་མ་མཱ་ཞི་ཡཱས་མལ་ཁང་ནས་ཅ་ལག་བསྡུ་གསོག་བྱེད་བཞིན་པའི་སྒང་ཡིན་ལ། ཁོ་དེར་འགྲེང་ནས་བག་ཕེབས་ངང་ཆང་དམ་དེར་གཟིགས་བཞིན་ཡོད།

           མཱ་ཞི་ཡཱས་མལ་ཁང་དུ“ངས་བསྡུ་གསོག་བྱས་ཚར་སོང།

           ཡཱ་ལི་ཁཱས་ལྡེ་མིག་ཁྱེར་ནས་ཕྱིར་ཨེ་ཐོན་ཐ། ”ཞེས་བཤད།

           ཡཱ་ལི་ཁཱིའི་འདུག་ས་ནི་འདིའི་གཞིས་ཀ་འདི་དང་ཐག་མི་རིང་ལ། དགུན་ཁར་ཁོས་གཞིས་ཀ་འདི་ལ་ལྟ་སྐྱོང་བྱ་དགོས།

           ཅཱ་ཏི་སེན་གྱིས“ཁོ་མཚེའུ་འགྲམ་དུ་གྲུ་ལེན་དུ་བུད་ཐ། ཕལ་ཆེར་དུས་ཚོད་ཕྱེད་ཀའི་རྗེས་སུ་ཕྱིར་ཐོན་རྒྱུ་རེད། ”ཅེས་ལན་བཏབ།

           མ་ཞི་ཡ་ཁྱིམ་ལ་འཛུལ་ནས་མོའི་ཀོ་ཁུག་ལེན་དུས།ཁྱོ་གའི་ལག་གི་ཆང་དམ་མཐོང་བས་ཧ་ལས་ཏེ་འགྲོ་མཚམས་བཞག

           མོས་སྐད་མཐོན་པོའི་ངང“ཅ་ཏི་སེན།ཁྱོས་འདི་འདྲ་སྔ་མོ་ནས་ཆང་འཐུང་ནས་ཅི་བྱེད། ”ཅེས་དྲིས།

           “མིན། སྙིང་ཉེ་མ།ཁྱོས་ཤེས་གྱིན་མི་འདུག ངས་ཆང་ཕྱི་རུ་བླངས་ནས་འཐུང་བསམ་པ་མིན་ལ།ནང་དུ་ཅིག་བསྲེས་འདོད་པ་ཡིན།”

           ཁོས་མོ་ལ་འཛུམ་དམུལ་དམུལ་གྱིས་བལྟས་ཏེ་བཤད་ཀྱང་མོ་ནི་ཁོའི་འཛུམ་དེ་ལ་མི་དགའ།

           ཁོས་སྤར་ཁ་ཕྱེས་ནས་མོ་ལ་ཕྱེ་མ་དཀར་པོ་དེར་བལྟ་རུ་བཅུག ཁོའི་གདོང་གི་འཛུམ་ཡལ་ཏེ་གཟབ་ནན་གྱི་ཉམས་ཤིག་མངོན།མཱ་ཞི་ཡཱ་ཅུང་ཟད་སྐྲག་ཏུ་འཇུག དོན་དངོས་ཐོག་མོས་རང་ཉིད་གང་ལ་སྐྲག་པ་ད་དུང་མི་ཤེས་མོད། ཁོའི་སྐད་གདངས་ལས་འཇིགས་སུ་རུང་བའི་དོན་དག་ཅིག་འབྱུང་བ་ཚོར། མོས་ཁོ་ལ་ཚོད་དཔག་བྱས་པ་ཐེངས་གཅིག་ཀྱང་འཆུག་མ་མྱོང་། རྒྱུ་མཚན་ནི་ཁོས་ནམ་རྒྱུན་བསམ་ངན་བཅིངས་སྐབས་སྐད་ཆ་དེ་ལྟར་བཤད་པ་ཡིན།ད་ཐེངས་ཀྱང་མི་སུ་ལ་ལྐོག་གཡོ་འཐེན་གྱིན་པ་མི་ཤེས།

མོས“འདི་ཅི་རེད།”ཅེས་དྲིས།

         “དུག་རྫས་རེད།”ཅཱ་ཏི་སེན་གྱིས་བག་ཡོད་ངང་ལན་བཏབ།

         “འུ་གཉིས་ལོ་རེའི་དཔྱིད་ཀར་འདིར་ལོག་དུས་དམ་བུའི་ནང་གི་ཆང་ཇེ་ཉུང་དུ་འགྲོ་བཞིན་པ་དེ་མི་ཞིག་ནང་ལ་འཛུལ་ནས་རྐུ་འཐུང་བྱས་པ་ཁོ་ཐག་རེད ། ངས་དམ་བུའི་ནང་ལ་དུག་རྫས་བླུགས་པའི་རྒྱུ་མཚན་ནི་འུ་གཉིས་སོང་རྗེས་ཆོམ་རྐུན་དེ་ཆང་རྐུ་བར་ཕྱིར་ལོག་རྒྱུ་ཡིན་པས། ད་ཐེངས་ཁོ་ལ་ཆང་འཐུང་དུ་འཇུག ”

           མོའི་ངོ་མདོག་སྐྱ་བོར་གྱུར་ཅིང་སྐད་མཐོན་པོས།

         “དེ་འདྲ་བྱེད་མི་ཉན་ཡ།ཅཱ་ཏི་སེན།འཇིགས་སུ་རུང་བ་ལ།མི་སྲོག་ཤོར་རྒྱུ་རེད།”ཅེས་བཤད།

         “གལ་ཏེ་ངས་དུག་འཕངས་ནས་ངའི་ཁྱིམ་ལ་བཙན་གྱིས་འཛུལ་བའི་རྐུན་མ་ཞིག་བསད་ན།ཁྲིམས་ལུགས་ལྟར་ན་ང་ལ་མི་གསོད་ཀྱི་ཉེས་པ་ཡོད་ཟེར་མི་ཆོག འུ་གཉིས་ཀྱི་འདུག་ཁང་ལ་ཟ་བརྒྱབ་ཡོད།སྒོ་གཏོར་ནས་ནང་ལ་འཛུལ་མཁན་ལ་ངས་ཁ་ཡ་མི་བྱེད།” ཁོས་དེ་ལྟར་ཕྱིར་བཤད།

          ཁོས་ཕྱེ་མ་དཀར་པོ་དེ་དམ་བེའི་ནང་ལ་བླུགས་རྗེས་དམ་བེ་དང་ཕོར་བ་མདུན་ཅོག་སྟེང་དུ་བཞག་ནས་དགོད་བཞིན་དུ།

       “བལྟས་ན་ཞིམ་པ་ལ།”

       “དེ་འདྲ་བྱེད་མི་ཆོག ཅཱ་ཏི་སེན །ཁྲིམས་ལུགས་ཀྱིས་ཀྱང་རྐུན་མའི་སྲོག་མི་གཅོད།ཁྱོད་ལ་དེའི་དབང་ཆ་གང་ན་ཡོད། ”མོས་ཡང་བསྐྱར་ཐེངས་ཤིག་བཤད།

        “ངས་རང་གི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་དུས།ང་ལ་རང་གི་ཁྲིམས་ལུགས་ཡོད།”

          ཁོའི་སྐབས་ཐོག་དེའི་རྣམ་པ་ནི་ཁྱི་རྒན་ཞིག་གིས་རང་གི་ཟས་འཕྲོག་པའི་ཁྱི་རྒན་གཞན་ཞིག་ལ་ངར་སྐད་སྒྲོག་པ་དང་འདྲ།སྐད་སྒྲ་འདིར་མོ་རང་ཆ་རྒྱུས་ཡོད་ལ་དེར་ཧ་ཅང་སུན།

       “ཁོ་ཚོས་ཁྱོད་ཀྱི་ཆང་ཉུང་ཉུང་ཙམ་འཐུང་བ་དེ་རེད་ཡང་གཅིག་བྱས་ན་དེ་ནི་ཐག་ཉེའི་གངས་ཤུད་བྱེད་དུ་ཡོང་བའི་བྱིས་པ་རྣམས་ཀྱིས་འཐུང་བ་ཡིན་ནའང་ཐང་།དངོས་པོ་གཞན་ཁྱེར་མི་འདུག”མོས་དེ་ལྟར་བཤད།

        “ངས་དེ་འདྲ་མང་པོ་ལ་ཁ་ཡ་མི་བྱེད།”

         “གལ་ཏེ་མི་ཞིག་གིས་ངའི་ལག་ནས་སྒོར་ལྔའམ་སྒོར་ལྔ་བརྒྱ་གང་འཕྲོག་ནའང་།ངས་བལྟས་ན་ཚང་མ་རྐུན་མ་ཡིན།”ཁོས་བཤད།

            མོས་སྔར་བཞིན་ཁྱོ་གར་ཁ་ཏ་བྱས་ནས་དེ་འདྲ་ལས་མི་ཉན་ཟེར་འདོད།

         “འུ་གཉིས་སང་ལོའི་དཔྱིད་ཀར་ད་གཟོད་འདིར་ཡོང་ཐུབ། ཁྱོད་ཀྱིས་དམ་བེ་འདིར་བཞག་ན།ང་གཉིད་སྐྱིད་པོ་ཞིག་ཡོང་ཐུབ་རྒྱུ་མ་རེད། ཁྱོས་འདང་ཞིག་རྒྱོབས་དང་།གལ་ཏེ་འུ་གཉིས་ལ་དོན་དག་རེ་བྱུང་ནས་གཞན་གྱིས་ཀྱང་མ་ཤེས་ན།ད་ཅི་བྱེད།”

            ཅ་ཏི་སེན་གྱིས་ཁོས་དེ་ཚོར་ཁ་ཡ་མི་བྱེད་པར་ཡང་བསྐྱར་ཐེངས་གཅིག་བཤད་པ་དང་། མོར་རྙོག་གཏམ་མ་བཤད་ཅེས་ཐ་ཚིག་བསྒྲགས།ཁོ་ནི་དུས་རྒྱུན་གདུག་རྩུབ་ཆེ་བས། མོས་ཅི་བཤད་ནའང་ཕན་མི་ཐོགས་པ་ཤེས། མོས་ཡ་ལི་ཁིའི་ཆུང་མ་མཱ་ལེར་བདེ་མོ་ཞུ་དགོས་ཟེར་བཞིན་གོམ་ཁ་ཕྱི་ཕྱོགས་ལ་སྒྱུར ། མོས་ཆང་དམ་དེའི་གནས་ཚུལ་མཱ་ལེར་བཤད་རྒྱུ་ཐག་གིས་བཅད་ཡོད།མཱ་ལེས་ཧ་གོ་ཐུབ་ནི་རེད། མོས་ཡཱ་ལེ་ཁའི་ཁྲོད་ནས་ལྡེ་མིག་ཁྱེར་ནས་དམ་བེའི་ནང་གི་ཆང་བརྗེ་ཆོག

           མཱ་ཞེ་ཡཱ་ཁང་བ་ནས་བྲལ། ཅུང་མ་འགོར་བར་ཅཱ་ཏི་སེན་སྒོར་བུད་ནས་ཉི་མ་གཏད་པའི་རྔོན་ལྷམ་དེ་ལེན་དུ་སོང་།ཁོས་མཱ་ཞི་ཡཱ་རི་ལས་བབ་ནས་ཡཱ་ལེ་ཁི་ཚང་ལ་སོང་བ་དང་ཡཱ་ལེ་ཁི་མཚེའུ་འགྲམ་ནས་ཡར་ཡོང་བཞིན་པ་མཐོང་།ཅཱ་ཏི་སེན་གྱིས་ཡཱ་ལེ་ཁི་ལ་མགྱོགས་པོ་བྱོས་ཞེས་བཤད་རྗེས་ལྷམ་ཁྱེར་ནས་ཁྱིམ་ལ་ལོག

           འགྲོ་བཞིན་པའི་སྐབས་སུ་སེམས་ཆུང་མ་བྱས་པས་ས་ལ་འགྱེལ་ཏེ་ཀླད་ལྟག་སྒོ་ཅོག་ལ་བརྒྱབ་པས་དབང་བོ་ཤོར་སོང་། ཅུང་ཙམ་འགོར་རྗེས། ཁོས་མིག་ཕྱེས་ནས་རང་ཉིད་ལ་ཅི་བྱས་ཡོད་པ་ཤེས་འདོད་དུས། ཡཱ་ལི་ཁེས“སྐུ་ངོ་།ཁྱོད་ལ་སྐྱོན་མི་འདུག ས་ལ་བརྒྱབ་པ་རེད།འདི་འཐུང་དང་མི་འགྱང་བར་སང་འགྲོ”ཟེར་བ་ཐོས་པ་དང་། ཆང་ཕོར་བ་གང་ཁོར་བྱིན།ཁོའི་ཀླད་པ་འཐོམ་ནས་མིག་ཕྱེ་ཙམ་ཡང་མ་བྱས་པར་ཆང་དེ་འཐུང་སོང་།

རྩོམ་སྒྲིག་པ།  ཚེ་པེ། གཡུ་འཛོམས།