དྲིལ་བུ་བསྟན་པ་ཚེ་རིང་།

ཁུངས་དག་ལོ་རྒྱུས་ལྡན་པ་ཡི།། དྲིལ་བུ་འདི་ཉིད་ངོ་མཚར་ཆེ།།

རྩོམ་པ་པོ།   ཚུལ་ཁྲིམས་རྡོ་རྗེ། དུས་ཚོད།   2019-10-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཁུངས་དག་ལོ་རྒྱུས་ལྡན་པ་ཡི།།

 དྲིལ་བུ་འདི་ཉིད་ངོ་མཚར་ཆེ།།

           དེ་ཡང་དྲིལ་བུ་བསྟན་པ་ཚེ་རིང་གི་བཟོ་རིག་སྒྱུ་རྩལ་གྱི་མི་རབས་ཁྱིམ་རྒྱུད་དང་བཅས་པའི་བྱུང་བ་ནི་འདི་ལྟར་ཏེ། དུས་རབས་བཅུ་བདུན་པར་བྱུང་བའི་སྡེ་དགེ་རྒྱལ་ཐོག་གསུམ་པ་ཁྲི་ཆེན་སངས་རྒྱས་བསྟན་པ་གང་ཉིད་ཀྱི་རིང་ལ་སྡེ་དགེའི་མགར་བཟོ་ཐམས་ཅད་ཀྱི་ཡང་རྩེར་སོན་པ་མཚན་ཉི་མ་རྒྱལ་མཚན་དུ་ཞུ་བར་བོད་སྡེ་པ་གཞུང་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གི་སྒེར་ཐམ་བཞེངས་སུ་གསོལ་བའི་བདག་རྐྱེན་ལ་བརྟེན་ནས་སྐད་གྲགས་ཆོད་པར་གྱུར་ཅིང་། ཉི་མ་རྒྱལ་མཚན་གྱི་བུ་ཚེ་དབང་ལ་ས་སྐྱོང་བསྟན་པ་ཚེ་རིང་གིས་མགར་རྗེ་ཞེས་པའི་གཟེངས་བསྟོད་ཆོ་ལོ་དང་བཅས་སི་ཏུ་སྐུ་ཐོག་བདུན་པའི་མདུན་མགར་དུའང་གྱུར།

      དེ་ནས་བཟུང་མི་རྒྱུད་ཕྱི་མ་རྣམས་ལ་མགར་རྗེ་ཞེས་པའི་མཚན་ཐོགས་ཤིང་། མགར་རྗེ་ཚེ་དབང་གི་བུ་མགར་རྗེ་དཔལ་འབྱོར་གྱིས་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་མཆོག་ལ་ཕྱག་ཕུར་ཞིག་མགར་བས། སི་ཏུ་རིན་པོ་ཆེས་ཕུར་བ་འདི་འདྲ་ལ་རབ་གནས་ཀྱི་ཆོ་ག་ཡང་མི་དགོས་ཞེས་དབུ་ལ་གཏུགས་ཏེ་རྟེན་གསུམ་ཕྱག་མཆོད་ཀྱི་གྲས་སུ་བཞག་པར་གྲགས།

      མགར་རྗེ་དཔལ་འབྱོར་གྱི་བུ་ཀརྨ་རྡོ་རྗེ། དེའི་བུ་ཀརྨ། དེའི་བུ་ཚེ་བརྟན་བཀྲ་ཤིས། དེའི་བུ་དོན་གྲུབ། དེའི་བུ་ལྟོ་དགའ། དེའི་བུ་ད་ལྟ་འཚོ་ཞིང་གཞེས་པའི་མགར་རྗེ་འཇིགས་རྒྱལ་ཡིན་ལ། ཁོང་གིས་སྤྱི་ལོ་1992ལོར་ཇོ་ནང་བསྟན་པའི་མངའ་བདག་བླ་མ་ཡོན་ཏན་བཟང་པོའི་ཐུགས་བཀོད་བཞིན་གསེར་ཟངས་ལས་གྲུབ་པའི་དུས་འཁོར་བློས་བསླངས་ཤིག་བཞེངས་པར་དུས་ད་ལྟའང་ཀུན་གྱིས་བསྔགས་པའི་མེ་ཏོག་བར་མེད་དུ་འཐོར་བཞིན་མཆིས།

       དེའི་རྒྱུད་འཛིན་དུ་མགར་གྱི་ལས་རིགས་འཛིན་པ་བུ་ཚུལ་ཁྲིམས་འོད་ཟེར་དང་ཆོས་ཉིད་དཔལ་བཟང་། ངེས་དོན་བུ་སྤུན་རྣམ་གསུམ་མོ། །

བཟོ་རྩལ་ཁྱད་ཆོས་གཞན་ལས་ལྷག།

དགའ་བསུ་ཀུན་གྱིས་ཚད་མེད་བྱེད།།

          མགར་རྗེའི་རྒྱུད་པ་འདི་ཉིད་ཉི་མ་རྒྱལ་མཚན་གྱི་སྔོན་ནས་མི་རབས་མང་པོར་བཟོ་རིག་ལ་མཁས་པ་ཡིན་མོད། ལོ་རྒྱུས་ངེས་ཆ་ལྡན་པ་ཁོང་ནས་བཟུང་བའི་མི་ཐོག་བཅུ་ཕྱིན། དེའི་རིང་ལ་གསེར་དངུལ་ཟངས་ལྕགས་ཀྱི་མགར་དང་ལུགས་རྒྱག་གི་ལག་རྩལ་ཉམས་མྱོང་རྒྱུན་རིང་པོར་བསོགས་ཏེ་ཆོས་ལུགས་ཀྱི་ཕྱག་མཆོད་དང་། ཁྱིམ་ཆས་སྣོད་སྤྱད་ལ་སོགས་པའི་རིགས་དང་རྣམ་གྲངས་བགྲང་གིས་མི་ལང་བ་བཞེངས་ཤིང་། བོད་ཡུལ་སྟོད་སྨད་བར་གསུམ་དུ་སྐད་གྲགས་ཆོད་པར་གྱུར།

       དེ་ལས་དྲིལ་བུར་མཚོན་ན་རྒྱུ་དང་བཟོ་དབྱིབས། སྒྲའི་སྙན་ཆ་སོགས་གཞན་གྱིས་འགྲན་ཟླ་མེད་པའི་ཁྱད་ཆོས་མངོན་པར་གསལ་ཞིང་། སྤྱོད་མཁན་ཆོས་ལུགས་མི་སྣ་དག་གིས་དགའ་བསུ་ཚད་མེད་བྱེད་དོ།།

བཟོ་རྩལ་ཁུངས་སུ་ཆུད་པ་ཡིས།།

ཤུལ་བཞག་མ་ཉམས་འཛིན་པར་བྱ།།

      2017ལོར་ལོ་རྒྱུས་སྨྲ་བ་རྒན་གུར་མགོན་སྐྱབས་ལགས་ནས་ལོ་རྒྱུས་མང་པོར་ཉམས་ཞིབ་ཀྱིས་དྲིལ་བུ་བསྟན་པ་ཚེ་རིང་ཞེས་སྡེ་དགེའི་དྲིལ་བུ་དག་ལས་མཚན་ཟུར་དུ་བཏགས་ཤིང་། 2018ལོ་ནས་དབུ་བརྩམས་ཏེ་ལག་རྩལ་རྒྱུད་འཛིན་པ་ངེས་དོན་གྱིས་ཤུལ་བཞག་རིག་གནས་བཟོ་རིག་ལག་རྩལ་ལ་ཧུར་བརྩོན་གྱིས་མཛད་རྗེས་བླ་མེད་གནང་བཞིན་པའི་སྐབས་སུ་མཆིས་སོ།།

བཟོ་རྩལ་རྒྱུད་འཛིན་པ་ངེས་དོན། 

          བཟོ་རྩལ་རྒྱུད་འཛིན་པ་ངེས་དོན་ལགས་ནི་འཛམ་ཐང་བར་མ་གྲོང་རྡལ་ནས་ཡིན་ཞིང་། ལོ་བཅུ་དགུ་སོན་པའི་སྐབས་སུ་ཁམས་དཀར་མཛེས་ཉག་རོང་རྫོང་དུ་ཐོག་དང་པོར་བཟོ་རིག་ལ་སློབ་གཉེར་བྱས་པ་དང་།  2011ལོར་གནས་མཆོག་ལྷ་ས་ནས་བཟོ་རིག་ལག་རྩལ་དངོས་སུ་རྒྱུད་འཛིན་བྱས།  2018ལོར་དཀར་མཛེས་ཁུལ་དང་། ཞ་མོན་གྲོང་ཁྱེར་སོགས་སུ་ནང་པའི་རྒྱལ་སྤྱིའི་འགྲེམ་སྟོན་སོགས་སུ་ཞུགས་པར་མ་ཟད། ཁྲེང་ཏུའུ་ཧི་མ་ལའི་རིག་མཛོད་དང་པེ་ཅིང་ཧའེ་ཧྲིན་རིག་གནས་སོགས་ཀྱི་བཟོ་རིག་ལག་རྩལ་གྱི་ཐོན་རྫས་རྣམས་ངེས་དོན་ལགས་ཀྱིས་བཟོ་པ་ཁོ་ནར་གྱུར་ཡོད་ལ། བོད་ཡུལ་གྱི་དགོན་པ་ཁག་དང་ཚོང་ལས་པ་རྣམས་ཀྱིས་ཁོང་གིས་བཟོས་པའི་བཟོ་བཅའ་དག་ལ་དགའ་བསུ་ཚད་མེད་བྱེད་བཞིན་ཡོད་དོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།