ཞེན་ཆགས་ཐེངས་ཤིག

རྩོམ་པ་པོ།   གཙང་བསྟན་འཛིན།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           མི་ཚེའི་དབྱངས་རྟ་རེ་ལ་སྣང་བའི་ཞེན་ཆགས་ཤིག འཚོ་བའི་ལམ་ཁ་ཞིག་ནས་ཚེ་སྲོག་གི་བཅོལ་མ་ཞིག

           ཁྱོད་ནི་བདག་གི་འཚོ་བའི་བཟི་ཆང་ཞིག་ཡིན་ལ། བར་དོའི་བཅོལ་མ་ཞིག་ཡིན། འུ་གཉིས་ནི་རི་རབ་དང་གླིང་ཕྲན་གྱིས་བར་ཐག་བཅད་ཀྱང་དྲན་གདུང་དང་ཚོར་བའི་དབྱིངས་རིམ་འདི་ནས་ལོ་ཟླ་འདི་དག་ལ་མི་ཚེའི་ཁ་ཕྱོགས་ཀྱི་ལམ་བུ་ལ་གདོང་གཏད་དེ་ཉི་འོད་ལྷོད་པོ་ཞིག་གི་རི་གྲོང་ལ་གཏམ་རྒྱུད་ཀྱི་རི་མོ་འབྲི་བར་བྱས། དེ་ནི་ཁོ་བོ་ལ་འཚོན་ན་མི་ཚེ་ཁྲོད་ཀྱི་ཆེས་བརྗེད་མི་སྲིད་པའི་ཕྱི་དྲན་ཞིག་དང་སུས་ཀྱང་ཚབ་བྱེད་དཀའ་བའི་འཇིག་རྟེན་གྱི་སྣང་བ་གསོན་པོ་ཞིག་ཆགས་སོང་། ལྷག་ཏུ་ཁྱོད་ནི་ས་ཆེན་པོའི་བང་རིམ་གྱི་ངོགས་ནས། བསིལ་འཇམ་མཁའ་དབུགས་ཀྱི་ཀློང་དུ་དབྱར་ཟླ་གསུམ་པའི་པང་ཁུག་ཏུ་བཞད་པའི་གཟི་མདངས་ལ་ཉམས་པ་མེད་ཅིང་མཛེས་སྡུག་གིས་ཞིང་ས་དེ་རུ་སྟོན་མཇུག་གི་སྡོང་བུ་དང་ཆུ་ཕྲན་དག་ལ་རྒྱང་ལྟ་བྱེད་བཞིན་འཆིས་པའི་རྒྱ་སེ་མེ་ཏོག་ཅིག་ཡིན་ལ། ཁྱོད་ཀྱི་བབ་ཆགས་པའི་བཟོ་ལྟ། དྲི་མེད་སྐུ་ལུས་ཀྱི་མཛེས་ཉམས། ལྷད་མེད་དྭངས་གཙང་གི་འཛུམ་ཆུང་། འདི་དག་ང་ལ་འཚོན་ན། རྒྱུ་སྐར་ཁྲོད་ཀྱི་ཟླ་བ་དང་། ཞེན་ཆགས་ཁྲོད་ཀྱི་རྡོ་རིང་ཡིན།

           དེའི་ཕྱིར་ངས་དྲན་ཤིང་གི་འཚོ་བའི་བར་ནས་མི་ཚེའི་ཁ་དོག་ལ་འགྱུར་བ་གཏོང་སྟེ་བརྩེ་དུང་གི་འོད་མདངས་ལ་ལག་པས་མི་བསྡམས་ཀ་མེད་རེད། དེའི་ཕྱིར་ངས་བག་ཆགས་ཀྱི་རང་མདངས་གསལ་ཏེ་རྣམ་དག་བཅོས་མིན་གྱི་གདོང་ལ་མི་བལྟ་ཐབས་མེད་རེད། སྟོན་འཇུག་གི་གྲང་ལྷག་དང་དགུན་གཞུང་གི་ཁ་བས་ཀྱང་གྲང་མི་ཐུབ་པའི་སེམས་པ་ཆུང་ཆུང་འདི། ཁོ་བོའི་འཇིགས་སྣང་དང་ལམ་ཕྲན་ལ་རྡོག་བརྫིས་བྱས་ཏེ་རི་ཆེན་དང་རི་ཆུང་ལྟེབས་ནས་ཆུ་ཆེན་དང་ཆུ་ཆུང་རྒལ་ནས་ཞེན་མཐའ་མེད་པར་ཁྱོད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་འདུག སྐབས་དེར་ཁྱོད་ཀྱི་དུང་སེམས་ཀྱི་གཤོག་ཟུང་རེ་རེ་དབྱངས་གསལ་གྱི་གར་སྟབས་ལ་བརྒྱུས་ནས་སྨྲེང་ཞེན་གྱི་རོལ་དབྱངས་དཀྲོལ་ཐེངས་རེར་ཁོ་བོའི་སྨྲ་བསམ་བརྗོད་མེད་ཀྱི་སེམས་ཚོར་མཉམ་པོ་འདིས་མཐའ་མེད་པའི་རི་ལུང་དག་ཐོལ་གྱིས་བརྒལ་ནས་བུད་སོང་། ཁོ་བོའི་ཞེན་ཆགས་དང་སྨྲེང་ཞེན་གྱི་སྣང་བས་དྲན་མི་ཚར་བའི་སྣང་བརྙན་བཞེངས་འདུག སྲིད་པའི་གནས་མདོ་འདི་ནས་ང་ད་དུང་ཁྱེད་ཀྱི་ཁ་དོག་གིས་འཚོན་པའི་རྒྱ་སེ་མེ་ཏོག་ལྟ་བུའི་འཇིག་རྟེན་ལ་གསོན་འདོད། ང་ད་དུང་ཉི་འོད་དང་འདྲ་བའི་ཁྱེད་ཀྱི་དྲོད་བཅུད་ལྡན་པའི་པང་ཁུག་ཏུ་གཉིད་འདོད། ལྟས་ན་ཡིད་མི་ཚིམ་ལ་དྲན་ན་སྙིང་མི་གཟེར་བའི་ཁྱོད་ནི་ཁོ་བོའི་འཇིག་རྟེན་གྱི་གྲིབ་གཟུགས་ཡིན།

            རི་ཀླུང་གི་ཁ་དོག་ནི་ཅི་འདྲའི་འགྱུར་བ་སླ་བ་ཞིག་རེད་ཨང་། ད་ནི་དུས་ཚོད་ཀྱི་གཤོག་ཟུང་བར་ནས་ཁྱོད་ཀྱི་འཇིག་རྟེན་དང་ནམ་མཁའ་ལ་བྲལ་ཏེ་མི་ཚེའི་ལན་ཆགས་ཤིག་གིས་འུ་གཉིས་ཀྱི་འཚོ་བ་ལ་རྫོགས་ཚིག་འབྲི་དགོས་སོང་། ཉི་ཟླ་རི་བོ་ལས་དབུ་མཐོ་ཞིང་སྲིད་པའི་གངས་རི་ལས་ཁ་དོག་དཀར་བའི་ཁྱོད་ཀྱི་ཞེན་ཆགས་ལ་བདེ་མོ་འཇོག་པར་ཉེ་སོང་། ངུ་ངག་དང་ཨ་ལན་མེད་པར་ཁྱོད་ཉིད་རྒྱང་རིང་དུ་སྐྱེལ་མ་བྱེད་དགོས་སོང་། ཁོ་བོའི་བསམ་གཞིག་དང་སྨྲེང་སེམས་ཀློང་ནས་སྐྱོ་བའི་མིག་ཆུ་འཛར་ནས་མུ་མཐའ་མེད་པའི་འཇིག་རྟེན་ལ་གདོང་གཏད་དེ་དམ་ཚིག་རྡོ་རྗེའི་སྐར་ཆེན་འདི་ལ་རྒྱབ་འགལ་མི་བྱེད་ཀ་མེད་བྱུང་། དེ་ནི་དོན་ངོ་མ་ཁྱོད་ནི་ངའི་ཡ་ཆུང་གི་སྙིང་དབུས་སུ་འཕུར་རྩལ་ངོམས་པའི་བྱེའུ་ཞིག་དང་འདྲ་བར་དུས་ཚོད་དང་སྐར་ཆ་རེ་རེའི་བར་གསེང་ནས་ཁྱོད་ཉིད་ཡིད་དུ་སྒོམ་ཞིང་སེམས་ལ་ཉུལ་བར་བྱེད་བཞིན་ཡོད་མོད། འོན་ཀྱང་ངའི་སྲིད་པའི་སྣང་བ་འདིའི་སྐྱོ་རོགས་ངའི་སྒོ་གསུམ་བར་མེད་ཀྱི་མགོན་གཅིག ཁྱོད་ལ་སྡང་མིག་དང་ཞེ་ཁྲེལ་ཞིག་སྐྱེ་ཡོང་བ་ཡེ་ནས་མིན། དེ་ནི་གནམ་ས་མི་གཅིག་པའི་སྒྱུ་མའི་རི་གྲོང་། ཁ་དོག་མི་གཅིག་པའི་ཆོས་ཉིད་ཀྱི་འགག་འཕྲང་འདི་ནས་ཁྱོད་ལ་རྒྱབ་འགལ་མི་བྱེད་ཐབས་མེད་པས་ཡིན། ད་ནི་ལོ་ཟླས་བསྐྱུར་བའི་དྲན་ཤིང་དང་ཕྱི་དྲན་གྱི་སྣང་བརྙན་རེ་རེ་ཧ་ཅང་ཡིད་ལ་གསལ་བར་སྒོམ་ནས་བུད་སོང་། ཉི་ནུབ་ཀྱི་ལྷོ་སྤྲིན་མཚམས་སུ་ངས་དགའ་སྐྱོ་ཆགས་སྡང་གི་འཚོ་བ་ལ་ཕྱི་མིག་འཕེན་བཞིན་བུད་སོང་། ངས་ཐ་སྙད་སྣ་ཚོགས་བྲང་ལ་སྦྱར་ཏེ་མི་ཚེ་སྐྱོ་ངལ་གྱི་བཞུར་ལམ་རིང་མོ་ཞིག་འབྲི་མགོ་བརྩམས་ནས་བུད་སོང་།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།