མ་འོངས་པའི་ཆུང་མར་ཕུལ་བ།

རྩོམ་པ་པོ།   ཀྲི་ཉ་ཤ་ར།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ང་རང་ཉི་འོད་ཀྱི་འོག་ཏུ་གཉིད་ལ་ཡུར།

རྨི་ལམ་རྨིས་རྗེས་གཙང་བོའི་ངོགས་སུ་སྐར་མ་ཤར་བ་མཐོང་།

སྐར་མ་ཆུང་ངུ་རེ་རེའི་འཇིག་རྟེན་ནི།

གནམ་འོག་གི་སེམས་ཅན་ཡོངས་ཀྱི་ཕ་གཞིས་དང་འདྲ་བོ་འདུག

ང་རང་རང་གིས་བདམས་པའི་ལམ་ཕྲན་ཆུང་ཆུང་ཞིག་གི་ནང་དུ་སོང་།

རྒྱ་མཚོའི་འུར་ཟིང་གི་ཚོགས་དང་།

ས་ཆེན་གྱིས་ཁྱུར་མིད་བཏང་བའི་ཐ་སྙད་ཀྱི་ཚོགས།

མོས་རེ་རེ་ནས་བསེད་བཀྲོལ་བྱས་ཏེ་ང་ཡི་སྙིང་ཁར་སྦྱར།

ངས་ཡི་གེ་ཁ་ཤས་བྲིས་ཏེ་རྒྱང་རིང་ལ་བསྐུར་དགོས་བསམ།

ཡང་ན་སྐད་ཆ་གཙང་མ་ཁ་ཤས་བཤད་དེ།

བོད་ཀྱི་མེ་ལོང་ལྟ་བུའི་བུ་ཕྲུག་ཅིག་སྐྱེ་དགོས་བསམ།

མོའི་ལག་པ་ནི་ངའི་སྙིང་གི་འཇིག་རྟེན་སྙི་མོ་དེ་དང་འདྲ་བོ་འདུག

ངས་བོད་ཀྱི་དབྱངས་གསལ་ལ་གཤོག་པ་ཐོགས་པ་རྨིས།

ངས་བོད་ཀྱི་ཕ་སྐད་འཛམ་གླིང་གི་འགྲོ་མི་ཀུན་གྱི་གཅེས་ནོར་དུ་གྱུར་པ་རྨིས།

མོས་ང་ལ་ལོ་རྒྱུས་དང་འདྲ་བའམ།

གཏམ་རྒྱུད་དང་འདྲ་བ་དག་བཤད་པ་ནི།

བོད་ཀྱི་གཟུངས་གཞུག་ལྟ་བུའི་མི་རབས་ཕྱི་མ་ཚོ་དང་འདྲ་བོ་འདུག

ངེད་གཉིས་འཇིག་རྟེན་གྱི་སྒལ་གཞུང་དུ་འགྲེང་ནས།

བོད་ཀྱི་མ་འོངས་པ་ལྟ་བུའི་རྩྭ་ཐང་དུ་འགྲེང་ནས།

ཧ་ཅང་སེམས་ཆུང་གིས་ལྷོད་ལ་བབས་ཏེ།

རྐང་འོག་གི་རྡུལ་ཕྲན་ཆུང་ཆུང་རེ་རེ་ནི།

ས་ཆེན་འདིའི་རྔུལ་ཁྲག་རེ་རེ་ཡིན་པ་རྟོགས།

ཤིན་ཏུ་སྙིང་ཉེ་བའི་མི།

ངས་རང་གི་བུ་ཕྲུག་གིས་ང་ལ་ཨ་ཕ་ཞེས་འབོད་པ་ཐོས།

བོད་ཀྱི་དབྱངས་གསལ་གྱིས་བཏེགས་པའི་སྐད་ཡིག་གི་མཁར་རྫོང་ནང་དུ།

འུ་གཉིས་ཀྱི་གཅེས་ཕྲུག་དག་གིས་ལོ་རྒྱུས་ཀྱི་གོ་ཁྲབ་གྱོན་འདུག་པ་མཐོང་།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།