དགེ་རྒན། རླབས་ཆེན་ཀྱི་བྱ་གཞག་ཅིག

རྩོམ་པ་པོ།   མགར་སྲས་མོ།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          སྲང་མདོའི་ཉིན་ཐོ་ཅེས་པའི་གློག་བརྙན་འདི་ལ་གཟའ་ཉི་མའི་དགུང་མོ་ཞིག་ལ་རང་གཅིག་པུས་ལྷིང་འཇགས་ཀྱི་ངང་ནས་བལྟས་པ་ཡིན།གློག་བརྙན་འདི་རྒྱ་གར་ཀྱི་སློབ་གསོའི་གློག་བརྙན་སའི་གོ་ལའི་སྟེང་གི་སྐར་མ་དང་དགེ་རྒན་གག་གག་བཞིན་དངོས་གནས་སློབ་གསོའི་གློག་བརྙན་ཡག་པོ་ཞིག་རེད།

         གློག་བརྙན་འདི་ནི་དགེ་རྒན་ཀྱི་ལས་གནས་སམ་བྱ་གཞག་ལ་ལྷག་བསམ་རྣམ་དག་གི་དགའ་ཞེན་དང་དུང་ཞེན་ཆེ་བའི་གཞོན་ནུ་མ་ཨེ་ལེན་ཀྱིས་དགེ་རྒན་ཀྱི་བྱ་གཞག་གཉེར་བའི་མགོ་མཇུག་བར་གསུམ་དུ་འཕྲད་པའི་དཀའ་བསྔལ་དག་བརྗོད་འདུག་ལ།སློབ་གྲྭ་དེས་མོ་རང་སློབ་གྲྭའི་ཆེས་ཐ་ཤལ་ཐབས་རྡུགས་ཀྱི་འཛིན་གྲྭའི་དགེ་རྒན་བྱེད་དུ་བཅུག འཛིན་གྲྭ་དེའི་ནང་གི་སློབ་མ་དག་སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་སོགས་ཀྱིས་དབང་གིས་ཁ་རྒྱ་མགོ་རྒྱ་དང་ངན་ལངས་ལྕགས་ལངས་སུ་ཤོར་བའི་བྱིས་པ་རྐྱང་རྐྱང་ཡིན་པར་མ་ཟད་ཤ་མདོག་དང་གྲལ་རིམ་རིགས་རྒྱུད་སོགས་ཀྱིས་ཁྱད་པར་ཀྱི་དབང་གིས་ཕན་ཚུན་དགྲ་ལྟ་བུ་བའི་སྡང་སེམས་དང་ཕྲག་དོག་གི་ལྟ་བ་འཛིན་པས་སློབ་གྲྭ་དེ་ན་དགེ་རྒན་བྱེད་འདོད་མཁན་མེད་ལ་སློབ་མ་དག་མིག་ལ་འཇོག་མཁན་ཀྱང་མེད།ཡིན་ཡང་དགེ་རྒན་ཨེ་ལེན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་འཛིན་གྲྭ་དེའི་སློབ་མ་དག་ལ་ཁ་ཏ་སློབ་གསོ་མང་དུ་བྱས་ནས་སློབ་མ་དག་དྲང་བའི་ལམ་དུ་བཞག་པར་མ་ཟད་བདེ་བླག་ངང་སློབ་མཐར་ཕྱིན་ཐུབ་སོང་།

        གློག་བརྙན་འདི་ལས་དགེ་རྒན་ནི་ལས་གནས་རྐྱང་རྐྱང་ཙམ་མ་ཡིན་པར་བསྟན་འདུག་ལ་དགེ་རྒན་ཨེ་ལེན་གྱི་ཨ་ཕ་དང་ཁྱོ་བོ་སོགས་ཀྱིས་མོ་ལ་ནམ་རྒྱུན་‘སློབ་མ་པྲ་ཚགས་དེ་དག་གི་ཆེད་དུ་སེམས་ཤུགས་དེ་འདྲ་མང་པོ་མ་གཏོང་’ཞེས་ཡང་ཡང་བསྐུལ་མོད་མོས་སྐད་ཆ་དེ་དག་རྣ་རྒྱབ་ཀྱི་རླུང་ལྟར་དོ་སྣང་བྱས་མ་སོང་ལ་རང་ཉིད་ཀྱི་འདོད་བློ་ལྟར་སྔར་བཞིན་སློབ་མ་དེ་དག་ལ་ཁ་ཏ་དང་སློབ་གསོ་མང་དུ་བྱས་ནས་དྲང་བའི་ལམ་ལ་བཞག སྣང་བརྙན་དེ་ལས་དགེ་རྒན་ཀྱི་བྱ་གཞག་ནི་ཕལ་བ་ཙམ་མིན་པར་རྟོགས་ལ་དགེ་རྒན་ཞེས་པའི་ཁྱད་འཕགས་གྱི་ལས་གནས་འདིས་རྒྱལ་ཁབ་དང་མི་རིགས་སོགས་ལ་རིག་གནས་བྱང་ཚད་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པའི་འོས་འགན་ཆེན་པོ་ཞིག་ཁུར་འདུག‘ཡོན་ཏན་མཐོ་ན་དགེ་རྒན་དང་སྤྱོད་པ་ཚུལ་ལྡན་ཡིན་ན་མིག་དཔེ།’ཞེས་པར་ལྟར་སློབ་གསོ་བྱེད་མཁན་གྱིས་སློབ་གསོ་བྱ་ཡུལ་ལ་ཐེབས་པའི་ཤུགས་རྐྱེན་རིག་གནས་ཡོན་ཏན་རྐྱང་རྐྱང་ལས་མ་འདས་པར་ད་དུང་སློབ་གསོ་བྱེད་མཁན་དེའི་འགྲོ་འདུག་སྤྱོད་གསུམ་སོགས་ཀྱི་ཐད་ནས་ཀྱང་ཤུགས་རྐྱེན་ཐེབས་སྲིད་པས་མ་འོངས་དགེ་རྒན་ཀྱི་ལས་གནས་ལ་ཞུགས་པའི་ང་ཚོས་དགེ་རྒན་ཞེས་པའི་བྱ་གཞག་འདི་བྱ་བ་རྐྱང་རྐྱང་ཙམ་དུ་མི་འཛིན་པར་དེ་ལ་མཐོང་ཆེན་དང་དོ་སྣང་བྱེད་པ་གལ་ཆེའོ།།  


རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།