ཁྱེད་རང་ནད་པ་ཞིག་རེད།

རྩོམ་པ་པོ།   སོག་སྨྱུག དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཁྱེད་རང་གཞི་ནས་ནད་པ་ཞིག་རེད།

སྒྲིབ་གཉིས་ཀྱིས་དེད་པའི་ནད་པ་ཞིག་རེད།།

འཆི་སེམས་ཀྱི་སེམས་བྱུང་ཞིག་ཀྱང་ཡེ་ནས་མ་སྐྱེ་བར།།

འདི་ལྟར་ཧ་ཅང་ཡངས་བའི་འཁོར་བའི་ཐང་ཆེན་དེ་རུ།།

གཉུག་མར་གནས་པའི་སོ་སྐྱེས་ཤིག་གི་མིང་བྱང་ཁུར་ནས།

སྣང་སྲིད་གཅིག་འདྲིས་ཀྱི་མགུར་ཞིག་བཞེངས་པ་བདེན་ནམ།།

ཁྱེད་རང་གཞི་ནས་ནད་པ་ཞིག་རེད།

སྲིད་པའི་ཕུན་ཚོགས་ཀྱིས་དེད་པའི་ནད་པ་ཞིག་རེད།།

འདོད་ཁམས་ཡུལ་གྱི་རི་སྒང་དེར་གནས་པའི་ནད་པ་ཞིག་རེད།།

འཇའ་ཚོན་ལ་ཆགས་པའི་བྱིས་པ་ནང་བཞིན་ཅི་ཞིག་འཚོལ།།

དོ་ཞག་རྟོག་བཏགས་ཀྱི་ཁ་ཆར་འདི་དག་འབབ་དྲགས་པས།།

གཟུགས་སུ་མ་གྲུབ་པའི་ནད་གཞི་དེ་རྙེད་པར་རློམ་ནས་གང་ལ་འགྲོ།།

ཁྱེད་རང་གཞི་ནས་ནད་པ་ཞིག་རེད།།

བསྟོད་སྨད་ཀྱིས་རླུང་བུས་བསྐྱོད་པའི་ནད་པ་ཞིག་རེད།།

བྱང་སེམས་ཀྱི་ནོར་བུ་ལག་ནས་ཤོར་བའི་ནད་པ་ཞིག་རེད།།

ངེས་འབྱུང་གྱི་ངོ་བོ་སྤྲིན་ནག་བཞིན་འཁྲུགས་པའི་ནད་པ་ཞིག་རེད།།

ད་དུང་མུན་པ་རབ་རིབ་ཅིག་དང་འགྲོགས་པའི་ནད་པ་ལགས།།

མི་རྟག་པའི་འདུ་འཛི་ཧ་ཅང་རྒོད་པའི་གཞིས་ཀ་འདིར་བདེ་ལེགས་སམ།།

ཁྱེད་རང་གཞི་ནས་ནད་པ་ཞིག་རེད།།

སྒྱུ་མའི་གཟུགས་རིས་ལ་ཆགས་པའི་ནད་པ་ཞིག་རེད།།

འཆི་བདག་གིས་རེ་འབྲས་སུ་མ་དམིགས་པའི་ནད་པ་ཞིག་རེད།།

རྣམ་དཔྱོད་ཀྱི་ཚན་ཁ་རྒྱང་རིང་ལ་ཕྱོགས་པའི་ནད་པ་ཞིག་རེད།།

ལོ་ཟླ་དེར་རྨ་ཀླུང་རིང་མོའི་རྒྱུན་ལ་སྙན་ངག་བྲིས་པའི་ནད་པ་ཞིག་རེད།།

ཐ་སྙད་ཀྱི་ཕོ་བྲང་དེ་དག་ཉེ་བར་བཞེངས་ནས་གཙང་བོ་བསྐུར་རྗེས།།

སེམས་སུ་ལྷུང་བའི་ན་ཟུག་འདི་དག་ཀྱང་ཡུན་གྱིས་གསལ་བོར་འགྱུར་སོང་།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།