ལྟ་ན་སྡུག་པའི་ལ་ཁ་སྡེ་བ།

རྩོམ་པ་པོ།   ཆོས་རྒྱས།དུས་ཚོད།   2019-10-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           མཛོད་དགེ་ཐེ་བོའི་ཁོག་གི་ལ་ཁ་སྡེ་བ་ཟེར་ན་སྔོན་ཆད་དབུལ་ཞིང་ཕོངས་པས་འཚོ་བ་ཐབས་རྡུག་ཡིན། ད་ནི་དབུལ་སྒྲོལ་དྲིན་ལ། ལ་ཁ་སྡེ་བ་ཟེར་ན། མ་མཐོང་གྲགས་པ་ཆེ་ཞིང་མཐོང་བ་ཀུན་གྱིས་སྨོན་སར་གྱུར་འདུག                      

           དེ་ཡང་ལ་ཁ་སྡེ་བ་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་དབུལ་ཕོངས་སྡེ་བ་གསུམ་ལས་གཅིག་ཡིན་ལ། 2018ལོའི་དབྱར་ཁ་ང་རང་ལྟས་དབང་ཞིག་གིས་གོང་རིམ་གྱི་བཀོད་སྒྲིག་ལྟར་སྡེ་བ་འདིའི་གྲོང་སྡོད་དབུལ་སྐྱོར་ལས་བྱེད་པ་རུ་མངགས། སྡེ་བ་འདི་ནི་གཟའ་རུ་ཡུལ་ཚོའི་ལྟག་རྒྱབ་ཀྱི་རི་མགོ་རུ་ཡོད་པས། སྡེ་བའི་མིང་ལའང་ལ་ཁ་སྡེ་བ་ཞེས་ཐོགས་པར་བཤད། ལ་ཁ་སྡེ་བར་ཁྱིམ་ཚང་ཉེར་བཞི་ལས་མེད་ལ། དབུལ་ཕོངས་ཁྱིམ་ཚང་ལྔ་ཡོད། ལ་ཁ་སྡེ་བ་ནི་རི་མགོར་ཆགས་ཡོད་སྟབས་སྔོན་ཆད་འགྲིམ་འགྲུལ་འགྲོ་འོང་སོགས་ལ་དཀའ་ངལ་ཚད་མེད་ཡོད་པ་སྨོས་ཅི་དགོས་ལ། ཐ་ན་སྡེ་བ་འདིར་སྡེ་བ་གཞན་ནས་མག་པ་དང་མནའ་མར་འོང་མཁན་མེད་པའི་དཀའ་ངལ་ལ་ཕྲད་འདུག ལ་ཁ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལྔ་ལས་ལ་ལར་མག་པ་མེད་ཅིང་། ལ་ལར་མནའ་མ་མེད་པ་རྐྱང་རྐྱང་རེད། རྒན་གཅིག་གཞོན་གཉིས་ཀྱི་ཁྱིམ་ཚང་འདི་དག་གི་འཚོ་བའི་ཆ་རྐྱེན་ཞན་པའི་ཁར་ངལ་རྩོལ་བ་མེད་པས་ཁོང་ཅག་སྡེ་བ་ཡོངས་ལས་དབུལ་ཕོངས་ཁྱིམ་ཚང་དུ་བདམས་པ་ཡིན་ཞེས་ལ་ཁ་སྡེ་བའི་ཧྲུའུ་ཅི་ཆོས་འཕེལ་གྱིས་བཤད།

            རྒྱུས་ལོན་པ་ལྟར་ན། 2014ལོ་ནས་བཟུང་སྡེ་བ་འདིར་དབུལ་སྒྲོལ་གྱི་སྲིད་ཇུས་སྣ་ཚོགས་ཐོན་ཡོད་པར་མ་ཟད། རིམ་པ་སོ་སོའི་མགོ་ཁྲིད་དང་ལས་བྱེད་པ་ཡོངས་ཀྱི་རམ་འདེགས་ཀྱི་འོག་ནས་དབུལ་སྒྲོལ་གྱི་སྲིད་ཇུས་ཐམས་ཅད་ལུས་པ་མེད་པར་མང་ཚོགས་ཀྱི་ལག་ཏུ་འབྱོར་ཡོད་ཅེས་སྡེ་བའི་ཧྲུའུ་ཅི་ཆོས་འཕེལ་གྱིས་རྒྱུན་པར་བཤད། 2014ལོ་ནས་བཟུང་དབུལ་སྒྲོལ་གནད་འཁེལ་གྱི་སྲིད་ཇུས་བཟང་པོ་ཐོན་པས། ལ་ཁ་སྡེ་བར་སྤྱི་ལེ་བདུན་ཅན་གྱི་ཨར་ལམ་གསར་དུ་བསྐྲུན་པར་མ་ཟད། བཏུང་ཆུ་གཙང་མ་དྲངས་ཤིང་གློག་འཐེན་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་བའི་ལམ་ཁར་ཞུགས་མགོ་བརྩམས། སྡེ་བའི་ཐོན་ལས་གོང་འཕེལ་གཏང་ཆེད་དུ་གོང་རིམ་ནས་ཐེངས་དུ་མར་སྒོར་མོ་འབོར་ཆེན་བཏང་སྟེ་ལ་ཁ་སྡེ་བའི་ཁྱིམ་ཚང་རེ་རེར་མཛོ་མོ་ཉོས་པ་དང་། ད་ལྟ་ཁྱིམ་ཚང་ཚང་མར་མཛོ་མོ་གསུམ་དང་བཞི་མེད་ས་མེད། དེ་བཞིན་དུ་ཞིང་ལས་ཐོན་ལས་གོང་འཕེལ་དུ་བཏང་སྟེ་ཞོག་ཁོག་དང་། མ་རྨོས་ལོ་ཏོག སྲན་མ་སོགས་ལོ་རེ་བཞིན་འདེབས་ཀྱི་ཡོད་པར་མ་ཟད། ཐོན་ལས་གསར་བ་གཡེར་མ་དང་སྨན་རྩྭ་སོགས་འདེབས་པར་ཚོད་ལྟ་བྱས་དང་བྱེད་མུས་སུ་ཡོད། ལ་ཁ་སྡེ་བའི་སྡོད་ཁང་རྙིང་བ་རྣམས་ལ་བོད་ཁུལ་སྡོད་ཁང་གསར་བ་ཞེས་པའི་རྣམ་གྲངས་ཀྱི་གྲས་སུ་བཞག་ནས་སྡོད་ཁང་གསར་དུ་ཕུབ་ཅིང་། གས་ཁ་ཤོར་བའམ་ཞིག་རལ་དུ་སོང་བ་རྣམས་ལ་ཞིག་གསོའི་རོགས་དངུལ་ཕུལ་བས། ད་ལྟ་ལ་ཁ་སྡེ་བ་ཡོངས་ལ་སྡོད་ཁང་གི་དཀའ་ངལ་ཅན་གྱི་ཁྱིམ་ཚང་གཅིག་ཀྱང་མེད། དབུལ་ཕོངས་ཁྱིམ་ཚང་རྣམས་ལ་གོང་རིམ་གྱིས་མཛོ་མོ་ཉོས་པར་མ་ཟད་ཁྱིམ་ཚང་རེ་རེར་འདྲུད་འཐེན་འཁོར་ལོ་གཅིག་རེ་ཉོས་ཡོད། དེ་མིན་དབུལ་ཕོངས་ཁྱིམ་ཚང་ལྔ་བོར་སྤྱི་ཕན་ལས་གནས་གཅིག་རེ་བཀོད་སྒྲིག་བྱས་པ་སོགས་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་དྲིན་ལ་ད་ལྟ་དབུལ་ཕོངས་ཁྱིམ་ཚང་འདི་དག་གི་ལོ་གཅིག་གི་དཔལ་འབྱོར་གྱི་ཡོང་འབབ་དབུལ་སྒྲོལ་གྱི་མ་མཐའི་ཚད་གཞི་ལས་རིང་དུ་བརྒལ་ཏེ་དབུལ་ཕོངས་པའི་ཞྭ་མོ་སྔར་ནས་གཡུག་ཟིན་ཏོ།། ད་ལྟ་དབུལ་ཕོངས་ཁྱིམ་ཚང་རྣམས་ཀྱི་ཁྱིམ་དུ་འཛུལ་བ་ན། ཁྱིམ་གྱི་ཁོ་ར་ཁོར་ཡུག་ཀུན་གྲལ་དག་ཅིང་གདོང་ལ་འཛུམ་གྱིས་ཁེངས་ཡོད་ལ། ཁོང་ཚོར་ད་ལྟ་ཁྱིམ་ཚང་ལ་དཀའ་ངལ་ཡོད་མེད་སོགས་དྲིས་ཚེ། ད་ནི་ཏང་དང་རྒྱལ་ཁབ་གྱི་དྲིན་ལ་དཀའ་ངལ་གཅིག་ཀྱང་མེད་ཟེར་ནས་བསྟོད་པའི་མཐེ་བོང་སྒྲེང་གིན་འདུག ཐེངས་ཤིག་ལ་ཡུལ་ཚོའི་ལས་བྱེད་པ་འགའ་དང་མཉམ་དུ་ལ་ཁ་སྡེ་བར་སོང་ནས་དབུལ་ཕོངས་ཁྱིམ་ཚང་རེ་རེར་འཛུལ་ནས་དབུལ་སྒྲོལ་རྗེས་ཀྱི་ཁོང་ཅག་གི་འཚོ་བའི་གནས་ཚུལ་སོགས་རྒྱུས་ལོན་བྱེད་སྐབས། གཟའ་རུ་ཡུལ་ཚོའི་ཡུལ་དཔོན་གཞོན་པ་གཅོད་པ་དབང་ཕྱུག་གིས་དབུལ་ཕོངས་པ་བསོད་ནམས་ཚེ་རིང་ཚང་གི་ཨ་མ་རྒན་མོར་མིག་སྔའི་འཚོ་བའི་གནས་ཚུལ་སོགས་དྲིས་ཚེ། ལོ་ན་བདུན་ཅུ་ལོན་པའི་ཨ་མ་རྒན་མོས་སེམས་གཏིང་ནས་བཀའ་དྲིན་ཞུ་བའི་སྐད་ཆ་འགའ་ལབ་རྗེས་མིག་ཆུ་དབང་མེད་དུ་ཤོར་བ་དང་། དེར་འདུས་པའི་ལས་བྱེད་པ་ཚང་མར་ཡིད་འགུལ་ཐེབས་སུ་བཅུག

          ད་ལྟ་སྡེ་བ་འདི་རུ་སྡེ་བ་རིམ་པའི་སྨན་ཁང་དང་བྱིས་གཉོར་ཁང་སོགས་གསར་དུ་ཕུབ་ཡོད་ལ། ལུས་རྩལ་ར་བ་དང་ལྒང་ཐང་། གསང་སྤྱོད་ཁང་སོགས་སྡེ་བ་གཞན་ལ་ཅི་ཡོད་པ་ཐམས་ཅད་ལ་ཁ་སྡེ་བར་ཡོད་པར་མ་ཟད། ཐོན་ལས་སོགས་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་པས་རི་འདབས་ཀྱི་སྡེ་བ་གཞན་པར་སྨོན་མི་དགོས་པའི་ཚད་ལ་ཐོན་ཡོད། 2017ལོར་ལ་ཁ་སྡེ་བ་ཁུལ་རིམ་པའི་བཞི་བཟང་སྡེ་བར་བདམས་པར་མ་ཟད། 2018ལོར་ལ་ཁ་སྡེ་བ་ཁུལ་རིམ་པའི་དཔལ་ཡོན་གྲོང་ཚོ་རུ་བདམས་པ་སོགས་སྡེ་བ་གཞན་ལས་ཁྱད་དུ་འཕགས་ཡོད། ལོ་ངོ་འདི་དག་གི་རིང་ལ་རིམ་པ་སོ་སོའི་མགོ་ཁྲིད་དང་ཁ་གཏད་ལས་ཁུངས་རྣམས་ཀྱིས་རོགས་སྐྱོར་ཚད་མེད་བྱས་པས་ལ་ཁ་སྡེ་བར་དངོས་གནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་ཀུན་གྱི་མིག་མཐོང་ལག་ཟིན་ཡིན་ལ། འགྱུར་ལྡོག་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་ཞེས་ལ་ཁ་སྡེ་བའི་ཧྲུའུ་ཅི་ཆོས་འཕེལ་གྱིས་བཤད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།