ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༄༅༎ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།ཞི་ཅིན་ཕིང་། (2019ལོའི་ཟླ་10ཚེས་1ཉིན)

རྩོམ་པ་པོ།   དུས་ཚོད།   2019-10-04   རྩོམ་ཁུངས།    མི་དམངས་དྲ་བ།

རྒྱལ་ཡོངས་ཀྱི་སྤུན་ཟླ་རྣམ་པ།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

      དེ་རིང་། ང་ཚོས་འདུ་འཛོམས་གཟབ་རྒྱས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བཞིན་ཡོད། དུས་འདིར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚོས་དགའ་སྤྲོ་དཔག་མེད་ཀྱི་བསམ་པ་འཆང་བ་དང་། རང་རེའི་རླབས་ཆེན་མེས་རྒྱལ་ལ་སྤོབས་པ་ཚད་མེད་བྱེད་པ། རང་རེའི་རླབས་ཆེན་མེས་རྒྱལ་ལ་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུ་བཞིན་ཡོད།

      འདིར་ངས་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་འབྱོར་ཕྱུག མི་དམངས་བདེ་སྐྱིད་བཅས་ཀྱི་ཆེད། ནམ་ཡང་མི་ནུབ་པའི་བྱས་རྗེས་འཇོག་མཁན་གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་ཚང་མར་དྲན་གསོ་ཟབ་མོ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླ་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ། ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་བཅས་ཞུ་རྒྱུ་ཡིན།

       ལོ་ངོ་70ཡི་གོང་གི་དེ་རིང་། བློ་མཐུན་མའོ་ཙེ་ཏུང་གིས་འདི་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་ཀྲུང་གོ་མི་དམངས་དུས་དེ་ནས་བཟུང་ཡར་ལངས་བྱུང་བ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་ཡོད། རླབས་ཆེན་གྱི་དོན་ཆེན་དེས་ཉེ་རབས་རྗེས་ཀྱི་ལོ་ངོ་100ལྷག་ཙམ་གྱི་དབུལ་ཕོངས་ཉམས་ཞན་དང་གཞན་གྱི་བརྙས་བཅོས་ཕོག་པའི་ཀྲུང་གོའི་ཡ་ང་བའི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།

      ལོ་ངོ་70ཡི་རིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་པར་བརྟེན། འཛམ་གླིང་གིས་ལྟ་སྟངས་གསར་པ་འཛིན་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ཡོད། ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད་པས། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་རང་རེའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་གཡོ་འགུལ་གཏོང་མི་ཐུབ་ལ། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ།

      བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

      མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་བ་དང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་ཟམ་མི་ཆད་པར་གཏོད་དགོས།

      མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས“ཞི་བདེ་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་། མཚོ་འགག་ངོགས་གཡས་གཡོན་གྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་བུ་ཕྲུག་ཚང་མར་མཐུན་སྒྲིལ་བཅས་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་དགོས།

      མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས།

      ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་གཤིས་བཅས་མི་ཉམས་པ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་དང་། འཛམ་གླིང་ཞི་བདེ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

      བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

      ཀྲུང་གོའི་སྔར་སོང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཟིན་པ་དང་། ཀྲུང་གོའི་ད་ལྟ་མི་དམངས་དུང་ཕྱུར་དུ་མས་གཏོད་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་ལྷོད་མེད་བྱེད་དགོས།

      རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག

      རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག

      རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།