གློ་བུར་དུ་དྲངས་བའི་སེམས་ཀྱི་ངལ་གསོ།

རྩོམ་པ་པོ།   གདོང་རིགས། དུས་ཚོད།   2019-09-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྨིག་རྒྱུའི་ཚེ་སྲོག་གི་འགྱུར་བག།

ད་ཡོད་ད་མེད་ཀྱི་གནས་ལུགས།།

སེམས་ཀྱི་གུར་ཁང་གི་དབུས་སུ།།

ཤེས་རབ་མེ་ཕུང་གི་ཀ་ར།།

ངེས་ཤེས་ཆོན་ཐག་གི་ཞགས་པ།།

གཉུག་མའི་རང་བཞིན་གྱི་མཐོངས་ཁུང་།།

བློ་གྲོས་དུད་ཞགས་ཀྱི་རྩལ་ཁ།།

མྱུར་མྱུར་ལྡེམ་ལྡེམ་ངང་རྒྱུ་ཡང་།།

གཡེང་བའི་འཇིག་རྟེན་གྱི་རྩེད་རར།།

ཞེན་ཆགས་གཟུགས་ཚོར་གྱི་རྩེད་ཆས།

སྲེད་པའི་རྦ་རླབས་ཀྱི་ཟེགས་མ།།

སྲིད་པའི་རྩེ་མོ་ཡི་དགུང་དུ།།

རབ་ཏུ་འཕྱོ་འཕྱོ་རེ་བྱས་སྟབས།།

འཁོར་བའི་འཆིང་ཐག་གི་མདུད་པ།།

དམ་ནས་དམ་པོ་རུ་བཅིངས་ཀྱང་།།

གཞོན་པའི་ཡིད་ངོགས་ཀྱི་མེ་ཏོག།

དབྱར་གཞུང་མི་ཚེ་ཡི་ཁྲོད་དུ།།

འཛུམ་འཛུམ་དགོད་སྒྲ་རེ་ཡོང་ན།

སེམས་ཀྱི་སྨྲེང་བ་རང་སངས་འགྲོ།། 

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།