སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་སྐབས་སུ་མ་རྩོམ་གྱི་རྩོམ་གཤིས་བསྐྱར་མཚོན་ལ་གོ་བ་ལེན་ཚུལ།

རྩོམ་པ་པོ།   མཁས་མཆོག དུས་ཚོད།   2019-09-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                  སྤྱིར་རྩོམ་གཤིས་ཞེས་པ་ནི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཀུན་ལ་གནས་པའི་ཐུན་མིན་རང་གཤིས་སུ་གྱུར་བའི་བསམ་བློའི་མཚོན་སྟངས་དང་ཉམས་ཀྱི་འདོན་ཚུལ་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་དགུའི་སྤྱི་མིང་ལྟ་བུ་ལ་གོ་དགོས་ཏེ། དེ་ནི་རྩོམ་པ་པོ་དེས་དུས་ཡུན་རིང་བོར་སྒྱུ་རྩལ་གསར་རྩོམ་ལ་འབད་པ་དང་ཉམས་ལེན་བྱས་པའི་ཁྲོད་རིམ་བཞིན་ཆགས་པ་ཡིན་པས་སྒྱུ་རྩལ་མཁན་པོ་དག་གི་སྨྱུག་རྩེ་ལས་ཐོན་པའི་བརྩམས་ཆོས་རྣམས་ལ་མཚོན་ན། རྩོམ་གཤིས་དེ་ཁྲག་རྒྱུན་བཞིན་དུ་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱུ་ཞིང་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་རྣམ་པ་གཉིས་གཞི་གཅིག་ཏུ་སྒྲིལ་བའི་ཁྲོད་ཕྱིར་མངོན་པ་ཡིན་གྱི། ཚིག་སྦྱོར་རེ་གཉིས་ཀྱི་སྡེབ་སྟངས་དང་རྒྱན་འགའ་རེའི་འགོད་ཚུལ་ཙམ་ལས་རྩོམ་པ་པོ་ཞིག་གི་རྩོམ་གཤིས་གསལ་བོར་མཚོན་མི་ཐུབ། རྩོམ་པ་པོ་ཞིག་ལ་ཆ་མཚོན་ན་ལྷན་སྐྱེས་ཀྱི་ཤེས་རབ་དང་སྤོབས་པ། རྗེས་སྦྱང་གི་ཡོན་ཚད་དང་མཐོང་རྒྱ། འཚོ་བའི་མྱོང་སྟོབས་དང་དཔྱད་བརྗོད་ཀྱི་མཐུ་རྩལ་སོགས་མི་འདྲ་བའི་དབང་གིས་བརྗོད་བྱ་འདེམ་འགོད་དང་། བརྗོད་འདོད་ཀྱི་དགོངས་གཞི་སོགས་དོན་གྱི་ཆ་དང་། སྣང་བརྙན་བཞེང་ཚུལ། རྩོམ་ཁོག་གི་སྒྲིག་བཀོད། རྩོམ་ལུས་གྱི་སྤེལ་སྟངས། རྒྱན་གྱིས་སྤྲོས་ཚུལ། ཚིག་སྦྱོར་གྱི་འཇམ་རྩུབ་སོགས་ཕྱིའི་རྣམ་པའི་ཆ་སྟེ་རྩོམ་གཤིས་ཀྱི་གྲུབ་ཆ་སོ་སོའི་ཕྱོགས་གང་གི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་རང་གཤིས་ཤིག་མཐོང་ཐུབ་སྟེ།དཔེར་ན་གནའ་དུས་རྒྱ་གར་ལ་མཚོན་ན། མཛེས་པའི་ཉམས་འདོན་པ་ལ་མཆོག་ཏུ་གྱུར་བ་ནག་མོ་ཁོལ་དང་། སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་བ་དབྱུག་པ་ཅན། མཐུན་པའི་སྒྲ་ལ་མཆོག་ཏུ་གྱུར་བ་བྷ་ར་བི་ཞེས་གྲགས་པའི་མཚན་སྙན་ས་ཕྱོགས་ཀུན་ཏུ་རླུང་ལྟར་རྒྱུ་བ་འདི་དག་མཐར་གཏུགས་ནས་བཤད་ན་དེ་ནི་མཁས་དབང་དེ་དག་གི་ཐུན་མིན་གྱི་རྩོམ་གཤིས་ལ་བརྗོད་པ་ཡིན་ལ། རང་ཅག་ཁ་བ་ཅན་དུ་བྱོན་པའི་མཁས་དབང་དག་གི་རྩོམ་གཤིས་ཀྱང་ཐ་དད་ཡིན་ཏེ། དཔེར་ན་རྗེ་ཙོང་ཁ་བ་དང་། ས་པཎ། ཀློང་ཆེན་པ། ཀརྨ་རང་བྱུང་རྡོ་རྗེ་སོགས་ཀྱི་བཀའ་རྩོམ་དག་ནི་ཚིག་སྦྱོར་ཕལ་ཆེར་འཇམ་ཞིང་མཉེན་པ་དང་། བརྗོད་པ་ཁ་གསལ་ཞིང་གོ་བདེ་བ་ཡིན་པས་མཛེས་པའི་ཉམས་དང་ལྡན་པ་ཡིན་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་དབང་ལྔ་བ་ཆེན་པོ། སྡེ་བ་རིན་སྤུངས་པ། འཇིགས་མེད་གླིང་བ་སོགས་ཀྱི་བཀའ་རྩོམ་མང་ཆེ་བའི་རྩོམ་གཤིས་ནི་ཚིག་སྦྱོར་ཁ་དམ་ཞིང་གོ་དཀའ་བ། ཡི་གེའི་སྦྱོར་བ་རྩུབ་པ་བཅས་ཀྱིས་བརྗིད་པའི་ཉམས་རབ་ཏུ་ཐོན་པ་ཞིག་ཡིན། ལོ་ཙཱ་བ་འགའ་རེས་རྩོམ་གཤིས་ཞེས་པ་ནི་སྐྱེ་བོ་སོ་སོའི་ངང་རྒྱུད་དང་རང་གཤིས་བཞིན་དུ་རང་རང་གི་བརྩམས་ཆོས་རྣམས་དང་ངོ་བོ་དབྱེར་མེད་དུ་གནས་པ་ཡིན་པས། དེ་ནི་ལོ་ཙཱ་བའམ་ཀློག་པ་པོ་དག་གིས་མྱོང་སྒོམ་ཁོ་ནའི་སྤྱོད་ཡུལ་ཡིན་པ་ལས་དེ་ཇི་བཞིན་དུ་བསྐྱར་མཚོན་བྱེད་དགོས་ཟེར་བ་ནི་བྱིས་པས་འཇའ་ཚོན་བསྙེགས་པ་ལྟར་ངལ་བ་འབྲས་མེད་ཡིན་ཞེས་བརྗོད་མོད། འོན་ཀྱང་ང་ཚོས་སེམས་རྣལ་དུ་ཕབ་ནས་དཔྱད་ན་རྩོམ་གཤིས་ཞེས་པ་ནི་འཇུ་ས་རེག་ས་མེད་པའི་འཇའ་ཚོན་ལྟ་བུ་ཞིག་མིན་ཏེ། ཅིའི་ཕྱིར་ཞེ་ན། རྩོམ་པ་པོ་དག་གིས་སྐད་ཆ་ལ་བརྟེན་ནས་རང་གི་བརྗོད་འདོད་ཀྱི་འཚོ་བ་དང་མཚོན་འདོད་ཀྱི་བསམ་བློ་ཚུར་སྣང་བྱེད་པ་ཡིན་ལ། ཀློག་པ་པོ་རྣམས་ཀྱིས་ཀྱང་སྐད་ཆ་ལ་བརྟེན་ནས་བརྩམས་ཆོས་ཀྱི་བརྗོད་དོན་དང་སྒྱུ་རྩལ་སོགས་ལོངས་སུ་སྤྱོད་པ་ཡིན་པས། སྐད་ཆ་ནི་རྩོམ་གཤིས་ཀྱི་གྲུབ་ཆ་སྣ་ཚོགས་ཁྲོད་ཆེས་གསོན་ཉམས་ལྡན་ཞིང་དངོས་མཚོན་གྱི་རང་བཞིན་ལྡན་པའི་མཚོན་བྱེད་ཁྱད་དུ་འཕགས་པ་ཞིག་ཡིན་པས། ང་ཚོས་སྒྱུ་རྩལ་རྩོམ་རིག་གི་ལོ་ཙཱའི་ཁྲོད་དུ་སྐད་རིགས་བར་གྱི་ཁྱད་ཆོས་གོ་བསྡུར་དང་རིག་གནས་སྤོར་སྤྱོད་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ན་མ་ཡིག་གི་རྩོམ་གཤིས་དེ་ཚད་ངེས་ཅན་ཞིག་གི་སྒོ་ནས་བསྐྱར་མཚོན་བྱེད་ཐུབ་བོ།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།