ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ།   དུས་ཚོད།   2019-09-23   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

              ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཐད་མཛུབ་སྟོན་གལ་ཆེན་གནང་ནས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གཉེར་བ་དང་དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རྩལ་ནུས་ཆེ་རུ་གཏོང་བ་ནི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་ལས་དོན་གྱིས་དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དུ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་ཀྱིས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་འགན་ལེན་བྱས་ནས་དྲ་རྒྱའི་བར་མཐོངས་ནང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། དྲ་རྒྱའི་བདེ་འཇགས་ཀྱི་སློབ་གསོ་དང་། ལག་རྩལ། ཐོན་ལས་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་གསར་གཏོད། ཐོན་ལས་འཕེལ་རྒྱས་བཅས་ཀྱི་སྣོད་བཅུད་བཟང་པོ་ཆགས་པར་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་ལྟར་དོ་དམ་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་དང་། ཟོག་འབྲེལ་དྲ་རྒྱ། གོམ་སྟབས་རྗེས་མའི་འཕྲིན་གཏོང་དྲ་རྒྱ་སོགས་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་ལ་བཅའ་ཁྲིམས་ཁྲིམས་སྲོལ་ཧུར་ཐག་གིས་སྤྱོད་པ་དང་ཆབས་ཅིག་ལག་རྩལ་གསར་པའི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་དེར་སྣེ་ཁྲིད་ཀྱང་བྱེད་དགོས། བདེ་འཇགས་ཚོད་འཛིན་ཐུབ་པ་དང་སྒོ་དབྱེ་གསར་གཏོད་གཉིས་གལ་ཆེ་སར་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྒོ་དབྱེ་དང་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ལ་གཞི་ཚུགས་པ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་བར་མཐོངས་ནང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་པ་ནན་བཤད་གནང་བ་རེད།

               2019ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཚེས་16ཉིན་ཐེན་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཟབ་མོ་བྱེད་པ་དང་། དྲ་རྒྱའི་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཁྲོད་རྒྱ་ཆེའི་མི་དམངས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “མཐའ་འཁྱོངས་བཞིའི”རྩ་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་ཁྲོད་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

               རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་2014ལོ་ནས་བཟུང་ལོ་ལྟར་ཐེངས་རེ་གཉེར་གྱི་ཡོད། ཐེངས་འདིའི་དྲིལ་བསྒྲགས་གཟའ་འཁོར་གྱིས“དྲ་རྒྱའི་བདེ་འཇགས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་པ”བརྗོད་དོན་གཙོ་བོར་བྱས་ནས་ཟླ་9ཚེས་16ནས་ཚེས་22ཉིན་བར་དྲ་རྒྱའི་བདེ་འཇགས་ཀྱི་དངོས་མང་སྟོན་ཚོགས་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ་གྱི་མཐོ་རིམ་གླེང་སྟེགས། དྲ་རྒྱའི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།