དྲྭ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དུ་ཡིན་ལ་དམངས་ལའང་བརྟེན་དགོས།

རང་ཁུལ་གྱིས་2019ལོའི་རྒྱལ་ཁབ་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2019-09-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། (གསར་འགོད་པ་གསང་བདག་སྒྲོལ་མ།)  《དྲྭ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་》དྲིལ་བསྒྲགས་གཏིང་ཟབ་བྱེད་ཆེད་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ། རང་ཁུལ་གྱིས་བདེ་འཇགས་དང་སྐྱོན་བྲལ། ཤེས་དཔལ་བཅས་ཀྱི་དྲྭ་རྒྱའི་ཁོར་ཡུག་གཏོད་པ་བཅས་ཀྱི་ཆེད་དུ། ཟླ་9ཚེས་16ཉིན། རྔ་བ་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་ཨུ་དྲྭ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས། ཁུལ་སློབ་གསོ་ཅུས། ཁུལ་སྤྱི་བདེ་ཅུས། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཁུལ་སྤྱིའི་བཟོ་ཚོགས། ཐོན་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་འགན་ལེན་ལྟེ་གནས། ཀྲུང་གོ་མི་དམངས་དངུལ་ཁང་རྔ་བ་ཁུལ་ཡན་ལག་དངུལ་ཁང་བཅས་ཀྱིས་སྒྲུབ་གཙོ་བྱས་པའི་2019ལོའི་རྒྱལ་ཁབ་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ།

            ད་ལོའི་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི་དྲྭ་རྒྱ་བདེ་འཇགས་མི་དམངས་ཀྱི་ཆེད་ཡིན་ལ་དྲྭ་རྒྱ་བདེ་འཇགས་མི་དམངས་ལ་བརྟེན་དགོས་ཞེས་པ་དེ་ཡིན་ཞིང་། བྱེད་སྒོ་འདི་ཟླ་9ཚེས་16ཉིན་ནས་ཚེས་22བར་སྤེལ་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་)13གྱིས་དུས་མཉམ་དུ་སྤེལ་རྒྱུ་ཡིན་ལ། དགོན་སྡེ་དང་སློབ་གྲྭར་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཚོགས་ཡོངས་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། མང་ཚོགས་ཀྱི་འགོག་སྲུང་ནུས་པ་ཇེ་ཆེར་བཏང་སྟེ་ཁུལ་ཡོངས་ཀྱི་དྲྭ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་སྤྱིའི་ཆུ་ཚད་མཐོ་རུ་ཕྱིན་པར་སྐུལ་འདེད་གཏོང་དགོས།

            བྱེད་སྒོའི་ཁྲོད་དུ་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་ཁྲོམ་གཞུང་དང་སྡེ་ཁུལ། སློབ་གྲྭ དངུལ་རྩ་ལས་ཁུངས་སོགས་སུ་སྐྱོད་དེ་དྲྭ་རྒྱ་བདེ་འཇགས་ཀྱི་ཤེས་བྱའི་ལག་དེབ་དགྲམ་པ་དང་། བརྙན་འཕྲིན་གཏོང་བ། ཡུལ་དངོས་སུ་བློ་འདྲི་བ་སོགས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་འགྲེལ་བཤད་དང་དྲིལ་བསྒྲགས་བྱེད་པ། དྲྭ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དྲྭ་སྦྲེལ་དང་ཆ་འཕྲིན་ཐོན་ལས་ལག་རྩལ་གསར་ཤོས་ཁྱབ་གདལ་གཏོང་བ། དྲྭ་རྒྱའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་དྲྭ་དམངས་ཀྱི་དྲྭ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་། 

           རྒྱུས་ལོན་པ་ལྟར་ན། ཉིན་དེའི་མགོ་ཚུགས་མཛད་སྒོའི་ཐོག་དྲིལ་བསྒྲགས་ཡིག་ཆ་3000ལྷག་བཀྲམ་པ་དང་། མང་ཚོགས་ཀྱི་བློ་འདྲི་ཐེངས་ཆིག་སྟོང་ལྷག་ཙམ་དང་ལེན་བྱས་ལ། ལག་རྟགས་3000ལྷག་སྤྲད། དྲིལ་བསྒྲགས་གཟའ་འཁོར་གྱི་རིང་དུ་རྔ་བ་ཁུལ་གྱིས་ད་དུང་སློབ་གྲྭའི་ཉིན་དང་གློག་འཕྲིན་གྱི་ཉིན། ཁྲིམས་སྐྱོང་གི་ཉིན། དངུལ་རྩའི་ཉིན། གཞོན་ནུ་ལོ་ཆུང་གི་ཉིན། སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་གི་ཉིན་བཅས་བྱེད་སྒོ་དྲུག་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་ཡིན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།