ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོ་སློབ་གསོའི་ལས་ཀའི་ཚོགས་འདུ་འཚོགས་པ།

ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་། ཝུའུ་ཞན་ཁུའེ་ཡིས་གསུང་བཤད་གནང་།

རྩོམ་པ་པོ།   དུས་ཚོད།   2019-09-17   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར།  ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་བོ་དང་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོ་སློབ་གསོའི་ལས་ཀའི་ཚོགས་འདུ་འབར་ཁམས་སུ་འཚོགས། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་དང་རེ་འདུན་གཏིང་ཟབ་སྒོས་སློབ་སྦྱོང་བྱས་ནས་ལག་ལེན་དུ་བསྟར་བ་དང་། རང་ཁུལ་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོའི་སློབ་གསོ་སྤེལ་རྒྱུར་སྐུལ་སློང་དང་བཀོད་སྒྲིག་བྱས་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཐོག་མའི་བསམ་འདུན་ནན་སྲུང་དང་ལས་འགན་ནན་སྒྲུབ་བྱས་ནས། ཤུགས་ཆེན་པོས་ཁུལ་བརྟན་བརླིང་དང་དར་སྤེལ་གཏོང་བའི་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སྤེལ་བར་སྐུལ་སློང་གནང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་། ཞིང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚོ་ཆུང་བདུན་པའི་ཚོ་དཔོན་ཝུའུ་ཞན་ཁུའེ་ཡིས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་དང་ཞིང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚོ་ཆུང་བདུན་པའི་ཚོ་དཔོན་གཞོན་པ་ལིའུ་ཁྲང་ཙེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་རྣམས་ཚོགས་འདུར་ཕེབས།

             ལིའུ་ཕིང་གིས་གསུང་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམིགས་བསལ་གྱི་དུས་སྐབས་སུ། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོའི་སློབ་གསོ་སྤེལ་རྒྱུའི་གྲོས་ཐག་བཅད་པ་དེ་ནི་དགོས་གལ་ཆེ་བ་དང་སྙིང་དོན་གལ་ཆེ་བ་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྙིང་དོན་གལ་ཆེན་གཙིགས་ཆེན་དུ་བཟུང་ནས། དུས་རབས་གསར་བར་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་བྱེད་པའི་མཐོ་ཚད་ནས་བརྗོད་གཙོ་སློབ་གསོ་སྤེལ་བའི་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ལེགས་པོ་བྱ་བ་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་བསྐྲུན་པའི་མཐོ་ཚད་ནས་བརྗོད་གཙོ་སློབ་གསོ་སྤེལ་བའི་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ལེགས་པོ་བྱ་བ། འཐབ་རྩོད་ཀྱི་སྙིང་སྟོབས་སྤེལ་བ་དང་འཐབ་རྩོད་བྱེད་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བརྗོད་གཙོ་སློབ་གསོ་སྤེལ་བའི་དམིགས་སའི་རང་བཞིན་ལ་ངོས་འཛིན་ལེགས་པོ་བྱས་ཏེ། བརྗོད་གཙོ་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། རང་སྤྱོད་ཀྱི་རང་རྟོགས་བཅས་ཤུགས་ཆེར་གཏོང་དགོས། དམིགས་འབེན་དང་ལས་འགན་གཙིགས་ཆེན་དུ་བཟུང་ནས། བརྗོད་གཙོ་སློབ་གསོ་སྤེལ་བའི་སྤྱིའི་རེ་འདུན་ཁོང་ཆུད་ཡང་དག་པ་དང་བརྗོད་གཙོ་སློབ་གསོ་སྤེལ་ཡུལ་ཁོང་ཆུད་ཡང་དག་པ་བྱེད་པ། གཞི་རིམ་ཏང་ཀྲི་པུའུ་རུ་བརྗོད་གཙོ་སློབ་གསོ་སྤེལ་བ་ལེགས་པོར་བཟུང་ནས། བཀོད་ཡོད་པའི་དམིགས་འབེན་སྣ་ཚོགས་དུས་ལྟར་བསྒྲུབ་ཐུབ་པར་འགན་ལེན་བྱ་དགོས། ལས་འགན་དོན་འཁྱོལ་གཙིགས་ཆེན་དུ་བཟུང་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས་བརྗོད་གཙོ་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ལས་འགན་དོན་འཁྱོལ་ལ་ཤུགས་སྣོན་དང་། རིམ་བགོས་དང་ཁག་བགོས་ཀྱིས་མཛུབ་སྟོན། ལྟ་སྐུལ་སློབ་སྟོན་ནན་པོ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་ལ་དོ་སྣང་། ཕྱི་ཚུལ་རིང་ལུགས་ནན་འགོག་བཅས་ཀྱི་སྒོ་ནས་བརྗོད་གཙོ་སློབ་གསོ་ཏན་ཏིག་གིས་སྤེལ་བ་བརྒྱུད། དུས་རབས་གསར་བར་རྔ་བ་ཁུལ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་གཏོད་པར་འབད་དགོས།

             ཝུའུ་ཞན་ཁུའེ་ཡིས་གསུང་དོན། རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་བྱ་བའི་གཞི་རྩའི་ལས་འགན་འདིར་དམ་པོར་དམིགས་ནས། ཐོག་མའི་བསམ་འདུན་ནན་སྲུང་དང་འགན་འཁྲི་ཁུར་བ། བར་ཁྱད་འཚོལ་བ། དོན་འཁྱོལ་དམ་འཛིན་ཞེས་པའི་སྤྱིའི་རེ་འདུན་ལག་ལེན་དུ་བསྟར་བ་དང་། ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་དང་རེ་འདུན་ལ་གོ་བ་ཟབ་ལེན་དང་ཁོང་ལེགས་པོ་ཆུད་རྗེས། ཇི་མ་ཇི་བཞིན་སྒོས་ལག་ལེན་དོན་འཁྱོལ་བྱ་དགོས།

             ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་བོ་དང་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོ་སློབ་གསོའི་ལས་ཀའི་ཚོགས་འདུ་མཇུག་བསྒྲིལ་རྗེས། ཚོ་ཆུང་དུ་བགོས་ནས《ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་གཙོ་སློབ་གསོ་སྤེལ་བའི་སྐོར་གྱི་ཀྲུང་གུང་རྔ་བ་ཁུལ་ཨུའི་ལག་བསྟར་གྲོས་གཞི》དང་《ཀྲུང་གོ་གུང་ཁྲན་ཏང་རྔ་བ་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཆོད་དོན》ལ་གྲོས་བསྡུར་བྱས།

          ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལས་《ཀྲུང་གོ་གུང་ཁྲན་ཏང་རྔ་བ་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་ངོ་།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།