བཏུང་ཁུ་མངར་མོས་ཚེ་ཐག་ཐུང་དུ་གཏོང་བ་ཞིབ་འཇུག་གིས་ར་སྤྲོད་བྱས།

རྩོམ་པ་པོ།   དུས་ཚོད།   2019-09-11   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


               ཉེ་ཆར། 《ཨ་རིའི་གསོ་རིག་སློབ་ཚོགས་ཀྱི་ནང་ཚན་རིག་པའི་དུས་དེབ》(JAMAInternalMedicine)ཏུ་འགོ་བརྗོད་ལ་《ཡོ་རོབ་རྒྱལ་ཁབ་བཅུའི་བཏུང་ཁུ་དང་འཆི་བའི་འབྲེལ་བ》ཞེས་པའི་དཔྱད་རྩོམ་ཞིག་སྤེལ་ཡོད་ཅིང་། དཔྱད་རྩོམ་དེའི་ནང་ཉིན་རེར་བཏུང་ཁུ་མངར་མོའི་རིགས་ཕོར་བ་གཉིས་ཏེ་ཧའོ་ཧྲེང་500ཙམ་འཐུང་ན། སྔ་སྣུར་དུ་འཆི་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པའི་སྐོར་བཀོད་ཡོད།   


             འདིར་བརྗོད་པའི་བཏུང་ཁུ་མངར་མོ་ནི་ཆང་བཅུད་འདུས་ཚད་0.5%མན་ཡིན་པའི་རང་བྱུང་ངམ་མིས་བཟོས་བཏུང་ཁུ་སྟེ། ཐཱན་སྐྱུར་བཏུང་ཁུ་དང་སིལ་ཁུ་སོགས་བཏུང་ཁུ་རིགས་མང་པོ་ཚུད་ཡོད།

             དཔྱད་རྩོམ་དེར་བསྟན་པར། ཞིབ་འཇུག་ཚོགས་པ་ཞིག་གིས་1992ལོ་ནས་2000ལོའི་བར་ཏེན་མག་དང་། ཧྥ་རན་སི། འཇར་མན། དབྱིན་ཇི། ཀེ་རི་སེ། དབྱི་ཐ་ལི། ཧོ་ལན། ནོར་ཝེ། སི་ཕེན། སུའེ་ཏེན་བཅས་རྒྱལ་ཁབ་བཅུ་ནས་ཡིན་པའི་ཚོད་ལྟའི་རང་འདུན་པ་451743ལ་ལོ་19རིང་རྗེས་འདེད་བརྟག་དཔྱད་བྱས་རྗེས་ཤེས་པར།  ནམ་རྒྱུན་བཏུང་ཁུ་མངར་མོ་ཕོར་བ་གཉིས་འཐུང་མཁན་དང་མི་འཐུང་མཁན་གཉིས་བསྡུར་ན། འཐུང་མཁན་རྣམས་སྔ་སྣུར་དུ་འཆི་བའི་ཉེན་ཁ་མི་འཐུང་མཁན་ལས་མངོན་གསལ་གྱིས་ཆེ་བ་ཡོད་པ་རེད།  

           ཞིབ་འཇུག་དེ་ལས་མངོན་པར། ཟ་མ་ཟ་སྐབས་བཏུང་ཁུ་མངར་མོ་འཐུང་མཁན་རྣམས་ལ་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་བ་དང་།  ནམ་རྒྱུན་བཏུང་ཁུ་མངར་མོ་འཐུང་མཁན་རྣམས་ལ་འཇུ་བྱེད་མ་ལག་གི་ནད་ཕོག་པའི་ཉེན་ཁ་ཆེ་བ་རེད།    

          ཞིབ་འཇུག་འབྲས་བུ་མང་པོས་བཏུང་ཁུ་མངར་མོ་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པའི་སྐོར་ར་སྤྲོད་བྱས་ཡོད་པ་སྟེ། དཔེར་ན་ཧྥ་རན་སིའི་ཕ་རི་སིའི་སུའོ་པང་ཤིས་ཏེ་སློབ་ཆེན་གྱི་ཞིབ་འཇུག་ཚོགས་པས་《དབྱིན་ཇིའི་གསོ་རིག་དུས་དེབ》ཐོག་སྤེལ་བའི་དཔྱད་རྩོམ་ཞིག་ནང་།  ཞིབ་འཇུག་ཚོགས་པ་དེས་འདས་ཟིན་པའི་ལོ་ལྔའི་ནང་མི་འབུམ་1ལྷག་ཙམ་ལ་རྗེས་འདེད་བརྟག་དཔྱད་བྱས་རྗེས་ཤེས་པར། བཏུང་ཁུ་མངར་མོ་ཡིས་ཁྲག་གི་མངར་ཆའི་འདུས་ཚད་ཆེ་རུ་འགྲོ་བ་དང་། ཁྲག་གི་མངར་ཆ་མང་དུ་ཕྱིན་པ་ཡིས་འབྲས་སྐྲན་སློང་བའི་ཉེན་ཁ་ཆེ་རུ་བསྐྱེད་སྲིད་པའི་སྐོར་བཀོད་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།