དགེ་རྒན་ལགས། དུས་ཆེན་ལ་བདེ་ལེགས་ཞུ།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 དེ་རིང་། ངས་ཁྱེད་ཀྱི་བརྩོན་པ་ལྷུར་ལེན་པའི་སེམས་ཤུགས་དང་སྨྲ་མེད་ཁེངས་སྐྱུང་གི་སྙིང་སྟོབས་ལ་བསྔགས་པར་འདོད་དེ། ཁྱེད་ནི་ང་ཚོ་མིའི་རིགས་ཀྱི་མགོན་སྐྱབས་དང་སྐད་ཡིག་བླ་སྲོག་སྲུང་བའི་བདག་པོ་ཉིད། ནོར་འཛིན་ཡངས་པའི་ཕང་བར་སྡོད་པའི་གཞོན་ནུ་མཐའ་དག་ལ་ཁྱེད་ཀྱིས་བསྩལ་བའི་རེ་བ་མངའ་ཞིང་། ཡི་གེ་མི་ཤེས་པར་སླེ་བོ་རྒྱབ་ཏུ་ཁུར་ཅིང་སྟ་རེ་གནམ་ལ་ཕྱར་ཏེ་གསར་སྐྱེས་ཀྱི་ལྗོན་པའི་མགོ་བོ་འབྲེག་པའི་བླུན་རྨོངས་ཀྱི་ན་གཞོན་ང་ཚོར་ཁྱེད་ཀྱིས་གནང་བའི་རྒྱང་ཤེལ་མཆིས།

               དགེ་རྒན་ལགས། སེམས་མེད་སྐྱ་རེངས་མདའ་མོ་སྔས་མགོར་ཕོག་སྟེ།བདེ་མོ་མལ་གནས་ལས་དཀྲོགས་དུས་ཁྱོད་ཀྱིས་ཀྱང་སློབ་བུ་ང་ཚོའི་རྗེས་འདེད་པར་ཡང་བསྐྱར་དགའ་སྣང་གིས་བཟི་འདུག ད་དུང་། སློབ་བུ་ང་ཚོར་གནས་ལུགས་ཀྱི་ཁ་ཏ་གནང་གིན་སེམས་ཁྲལ་བྱེད་དུས་མཛེས་སྡུག་གི་མེ་ཏོག་སད་ཀྱིས་བཅོམ་ཞིང་དྭངས་གཙང་གི་ཆུ་བོ་འཁྱག་གིས་བསྡམས་པ་ཇི་བཞིན་ཁྱོད་ཀྱིས་རང་ཉིད་ཇི་ལྟར་རྒས་སོང་བའང་ཚོར་ཨེ་མྱོང་། སྐབས་རེར། ཁྱེད་ཀྱིས་ཡིད་ཆད་ཀྱི་མིག་ཆུ་བཏོན་མྱོང་ནའང་དུང་སེམས་ཀྱི་བཞུར་རྒྱུན་གཏན་ནས་ཆད་མ་མྱོང་བར། བསམ་གཞིག་རྫོགས་མེད་ཅིག་སྒོམ་བཞིན་ཡང་བསྐྱར་མི་ཚེའི་ཤོག་དཀར་ལ་དབུ་ཁྱུད་ཐོག་མ་འབྲི་དུས་ཁྱེད་ཀྱི་གདམ་པ་ནི་ཆེས་ཕལ་བ་དང་ཆེས་རླབས་ཆེན་དེ་ཡིན།

               དེ་བས། དེ་རིང་གི་ཉིན་མོ་རླབས་ཆེན་འདི་ལ་ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་བཅོས་མིན་གྱི་འཛུམ་བག་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་འགྲན་བཞིན་མུན་ནག་གི་ཀློང་རིམ་འདི་ནས་ཉི་ཟེར་གྱི་བདེན་པ་འཚོལ་རྒྱུར་ཆོད་སེམས་བཞག་ཡོད་དོ།།  

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།