དགེ་རྒན་དུས་ཆེན་ལ་ཕུལ་བ།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྣམ་པར་དཔྱོད་པའི་ལྷག་བསམ་དཀར་པོ་ཡིས།།

ཆག་ཅིང་གྲུམ་པའི་དམུས་ལོང་མུ་ཏོ་ལ།།

གསེར་གྱི་ཡི་གེ་འཁྱུག་པའི་པོ་ཏི་གནངས།།

དབྱངས་གསལ་ང་རོར་བསྡེབས་པའི་ཤམ་བུ་འཐེན།།

འཁྲི་ཤིང་ལོ་མའི་སྐྱིབས་སུ་ངལ་གསོ་སྟེར།།

མུན་པར་སྒྲོན་མེ་བཏེགས་པའི་ཞོགས་པ་དེར།།

བསྟན་པའི་མཐའ་རུ་དམིགས་པའི་བཤེས་གཉེན་དྲན།།

སོར་བྱང་སྔགས་ཀྱི་ལོ་མ་ཡོངས་སུ་སྨིན།།

བསླབ་གསུམ་ནོར་གྱིས་ཕྱུག་པ་ཁྱེད་མིན་སུ།།

མེས་པོའི་གཙུག་ལག་ཆུ་གཏེར་གངྒའི་མཚོར།།

ངང་མོས་ཁྲིད་པའི་ངང་ཕྲུག་ཇི་བཞིན་དུ།།

དྲིན་གྱིས་བསྐྱངས་ཏེ་སེང་ཆེན་འོ་མ་བསྣུན།།

ལྷག་བསམ་གསེར་རི་འཐགས་པའི་རྡུལ་དག་ཀྱང་།།

གནམ་གྱིས་ཕོར་བ་བྱས་ནའང་ལྟེམས་ཀྱིས་གང་།།

ཐོན་མིའི་མགྲིན་ལས་བྱུང་བའི་ཏམྦུ་ར།།

མ་བཅོས་སྐྱེ་དགུའི་རྣ་བར་དཀྲོལ་བའི་གཉེན།།

གང་གིས་ལེགས་བཤད་གསེར་གྱི་མཆོད་སྡོང་ཞིག།

མ་འོངས་མདུན་ལམ་རིང་མོའི་ཟེ་བར་བཙུགས།།

མདུན་གྱི་མཁའ་ལ་པ་ཏྲའི་རི་མོ་བྲིས།།

རིག་གསར་སློབ་བུའི་ཚོགས་ལ་གཞན་ཕན་དཀར།།

མུན་པའི་ཚང་ཚིང་ནགས་ཀློང་མེ་རུ་སྦར།།

བྱིས་བློ་རྩེད་རའི་ནང་ནས་བཙན་གྱིས་ཁྲིད།།

སྤང་བླངས་སོམ་ཉིའི་མདུད་པ་ཁྱེད་ཀྱིས་བཀྲལ།།

མང་ཐོས་གཞུང་ལུགས་ཡོངས་འདུ་ས་བརྟོལ་ལྗོན།།

དུད་པའི་ཉམས་ཀྱིས་འབྲས་བཟང་རྨད་དུ་བྱུང་།།

རྨོངས་པའི་མི་ལ་ལེགས་པའི་ལམ་སྟོན་པ།།

དད་པའི་བྱ་ཚོགས་འཕུར་བའི་མགྲིན་སྒྲ་ཡིས།།

ག་བུར་མེ་ཏོག་ཆུན་པོ་སྙིང་ནས་འབུལ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།