དག་ཡིག་ལ་འོལ་ཚོད་ཀྱི་གཏམ་མི་བྱ་རོགས།

རྩོམ་པ་པོ།   ཛམ་ཐང་བ་ལྕགས་མདའ།དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཡོངས་འཛིན་དུ་ཅིག་གིས། ད་ནི་འཕུལ་དང་མཐའ་རྟེན་མགོ། མེད་ལ་སྦྱོར་དང་ཡོད་ལ་སྤོང་།། གདམ་ང་ཅན་ལ་མཐའ་གཅིག་ཏུ།། འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད།། ཅེས་པའི་དོན་ཅི་ཡིན་ནམ་ཞེས་དྲིས་པར། ལན་དུ། ད་ཡིག་ནི་སྔོན་རྗེས་མགོ་གསུམ་མེད་པའི་ཡི་གེའི་སྔོན་དུ་གང་བདེར་སྦྱོར་རུང་བ་ལས་དེ་དག་ཡོད་པ་ཀུན་ལ་སྦྱོར་མི་རུང་ཞེས་པའི་དོན་ཡིན། ཞེས་ཅིག་གིས་མཁས་མདོག་བསྟན་འདུག་ལ། དེའི་རྗེས་སུ་འབྲངས་ཏེ་འདི་ལ་བསམ་བློ་གཏོང་རྒྱུ་ཅུང་ཟད་འདུག་ཅེས་ཟེར་མཁན་ཡང་བྱུང་། ལན་འདེབས་པ་པོ་དེ་སུ་ཡིན་འདི་ཡིན་མ་ཤེས་ཀྱང་། འོལ་ཚོད་ལ་སྤོབས་པ་ཆེ་བ་ཞིག་ནི་ཡིན་པར་ཐག་གིས་ཆོད། འདི་ནི་དག་ཡིག་ངག་སྒྲོན་དང་དག་ཡིག་མཁས་པ་དགའ་སྐྱེད་སོགས་ལ་སློབ་གཉེར་རྩ་བ་ནས་མེད་པའི་རྟགས་སུ་གྲུབ་པར་མ་ཟད། དག་ཡིག་སློབ་པའི་ལས་དང་པོ་བ་རྣམས་ལོག་པ་དང་མགོ་རྨོངས་ཀྱི་ལམ་དུ་འཁྲིད་པའི་རྐྱེན་དུའང་འགྲོ་ཉེན་ཆེ་བས། འོག་ཏུ་གོང་གི་དྲི་བར་ཚིག་ཉུང་དོན་འདུས་ཁ་གསལ་ཆེ་བའི་ལན་ཞིག་གདབ་པར་བྱའོ།།

            དེ་ཡང་དག་ཡིག་མཁས་པ་དགའ་སྐྱེད་དུ། ད་ནི་ཞེས་པའི་ཚིག་འདི་ཐེངས་འགར་བྱུང་ཡོད་དེ། དཔེར་ན། གོང་གི་དྲི་བར་བྱུང་བ་དེ་དང་། ད་ནི་སྔ་མའི་ཚིག་ཤུགས་ཀྱིས།། ཕྱི་མ་ཇི་ལྟར་འཐོབ་ཚུལ་བཤད།། ཅེས་པ་སོགས་སོ།། དག་ཡིག་མཁས་པ་དགའ་སྐྱེད་ཀྱི་སྐབས་འདི་དག་གི་ཁུངས་ནི་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་ལ་ཐུག་ཡོད་དེ། དག་ཡིག་མཁས་པ་དགའ་སྐྱེད་ལས། ད་ནི་འཕུལ་དང་མཐའ་རྟེན་མགོ། མེད་ལ་སྦྱོར་དང་ཡོད་ལ་སྤོང་།། ཞེས་པ་ནས། འཁྲུལ་སྤོང་འདི་ནི་ཆེས་ཆེར་དུ།། མཁོ་ཕྱིར་ལོ་ཙཱའི་གསུང་དངོས་བྲིས།། ཞེས་པའི་བར་གྱི་ཤོ་ལོ་ཀ་བཅོ་བརྒྱད་ཙམ་ཞིག་དག་ཡིག་ངག་སྒྲོན་ལས་ཚིག་ཇི་བཞིན་ཁོལ་དུ་ཕྱུངས་ཤིང་། སྐབས་འདིའི་ལོ་ཙཱ་ཞེས་པའང་དཔལ་ཁང་ཆོས་མཛད་ལ་གོ་དགོས་པ་ཤིན་ཏུ་གསལ་ལོ།།

            དེའི་ཕྱིར་དག་ཡིག་ངག་སྒྲོན་གྱི་རྩ་འགྲེལ་དུ། ད་ནི་འཕུལ་ཏེ་སྔོན་འཇུག་དང་མཐའ་རྟེན་ཏེ་རྗེས་འཇུག་དང་། ར་སའི་མགོ་འདི་དག་མེད་པ་ལ་སྦྱོར་བའི་འཁྲུལ་པ་དང་ཡོད་དགོས་པ་ལ་སྤོང་བའི་འཁྲུལ་པ་དང་། གང་ཡང་རུང་བའི་གདམ་ང་ཅན་ལ་ཡོད་མེད་མཐའ་གཅིག་ཏུ། འཛིན་པའི་འཁྲུལ་པ་སྤོང་བའི་ཚུལ་ཅུང་ཟད་བཤད་པར་བྱ་སྟེ། ཞེས་དམ་བཅས་མ་ཐག་པར། འཕུལ་ལ་རྔ་ཡབ་དང་གེ་སར། སིལ་སྙན་དང་། མངོན་སུམ་ཕུན་སུམ་ཚོགས་པ་དང་། སིལ་སིལ་སུམ་ཅུ་སོགས་ལ། གས་འཕུལ་བྲིས་ན་ནོར་བ་ཡིན་ཏེ་མེད་པར་བཤད་པའི་ཕྱིར་རོ་གཤའ་མ་དང་། གཤགས་འབྱེད་དང་གཤམ་གསལ་སོགས་ལ་གས་འཕུལ་མེད་ན་ནོར་ཞིང་། སར་པ་ལྟ་བུར་གས་འཕུལ་ཡོད་མེད་གང་ཡང་རུང་ངོ་།། ཞེས་སོགས་གསུངས་ལ། གལ་ཏེ། གོང་གི་དྲིས་ལན་ལྟར། ད་ནི་ཞེས་པ་ད་ཡིག་ལ་གོ་བར་བྱས་ན། འདི་དག་ཇི་ལྟར་འགྲེལ་དགོས་སམ། ཞིབ་པར་སོམས་དང་། གསལ་བཤད་ཆེན་པོ་མི་དགོས་པ་འདྲ།

           འོ་ན། ད་ནི་ཞེས་པའི་དོན་ཅི་ཞིག་གམ་ཞེ་ན། དག་ཡིག་ངག་སྒྲོན་ལ་སྔོན་འཇུག་རྐྱང་པ་མགོ་ཅན་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། རྣམ་དབྱེ་དང་ཕྲད་ཚིག་ཕྲད་ཀྱི་སྒྲ་སྦྱོར་དང་ཤད་འཐོབ་ཚུལ་སོགས་གཅེས་པ་ཉེར་མཁོ་སྣ་ཚོགས་ཐུན་མོང་དུ་བཤད་པ་དང་། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པ་སྟེ། ལེའུ་གསུམ་གྱི་བདག་ཉིད་དུ་ཡོད་དེ། ད་ནི་འཕུལ་དང་མཐའ་རྟེན་མགོ། ཞེས་པའི་ཚིག་འདི་ལེའུ་གོང་མ་རྣམ་དབྱེ་དང་ཚིག་ཕྲད་དང་ཤད་འཐོབ་ཚུལ་སོགས་ཉེར་མཁོ་སྣ་ཚོགས་ཐུན་མོང་དུ་བཤད་པ་གོང་དུ་སོང་ཟིན་ཅིང་། ད་ནི་ཞེས་པའི་ཚིག་སྦྱར་ཏེ། ལེའུ་འོག་མ་ཡི་གེའི་སྦྱོར་བ་ལ་འཁྲུལ་བ་སྤོང་བ་བཤད་པའི་སྐབས་དང་མཚམས་སྦྱར་བའོ།། དེས་ན། ད་ནི་ཞེས་པས་ད་ཡིག་སོགས་བསྟན་པ་མ་ཡིན་པར། ཚིག་སྔ་ཕྱི་མཚམས་སྦྱར་བའི་སྒྲ་རུ་གྲུབ་པ་ཤིན་ཏུ་གསལ་ལ། གཞན་ཡང་དཔེར་ན། ད་ནི་ཕ་ཡུལ་དུ་ཆས་འགྲོ། ལྟ་བུ་དང་། ད་ནི་ང་རང་གཉིས་བཟའ་ཚང་དུ་གྱུར། ལྟ་བུ་སོགས་དུས་སྔ་ཕྱི་མཚམས་སྦྱར་བའི་སྒྲའོ།།

          དེ་མིན་དག་ཡིག་མཁས་པ་དགའ་སྐྱེད་ཀྱི་རྩ་འགྲེལ་དམེ་ཤུལ་དགའ་གོང་ཨ་ཁུ་ཆོས་འཕེལ་དུ་ཞུ་བས་མཛད་པ་དེར་ཡང་། ད་ནི་འཕུལ་ལམ་སྔོན་འཇུག་དང་མཐའ་རྟེན་ནམ་རྗེས་འཇུག་དང་མགོ་ཅན་གསུམ་སོགས་མེད་པ་ལ་སྦྱོར་བ་དང་། ཡོད་པ་ལ་སྤོང་བ་དང་། གདམ་ང་ཅན་ལ་མཐའ་གཅིག་ཏུ་འཛིན་པའི་བློའི་འཁྲུལ་བ་སྤོང་བའི་ཆེད་དུ་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཞེས་པ་སོགས་ཁུངས་ལུང་མང་དུ་འདུག་ཀྱང་། ཡིག་ཚོགས་སྐྱུང་ཕྱིར་འདི་ཙམ་གྱིས་འཐུས་པར་བྱའོ།། 

        ཞེས་པ་འདི་གྲོགས་མཆོག་ཅིག་གིས་དྲིས་པར་ཛམ་ཐང་བ་ལྕགས་མདའ་རུ་འབོད་པས་ལན་དུ་བྲིས་པ་དགེའོ།།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།