དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་པ།

རྩོམ་པ་པོ།   དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             དགེ་རྒན་ནི་དྲིན་ཅན་གྱི་ཕ་མ་ཡིན། ང་ཚོ་ལ་ཤེས་རིག་གི་ནུ་ཞོ་བསྣུན་ཡོད་པས། དེ་ལྟར་སྨྲས་ཆོག་གོ།

             དགེ་རྒན་ནི་གསར་བཞད་ཀྱི་ཉི་གཞོན་ཡིན། ཤེས་རིག་གི་པད་ཚལ་དུ་ཉི་འོད་ལྷུག་པར་འཕྲོས་པས། དེ་ལྟར་སྨྲས་ཆོག་གོ།

              ཉི་མའི་འོད་ཀྱིས་པད་ཚལ་སྐྱོང་བཞིན་པའི་སློབ་གླིང་འདིར། ང་ཚོ་ཕྱོགས་སོ་སོ་ནས་མ་གྲོས་རང་འདུལ་ངང་འཛོམས་ཏེ། ལས་སྐལ་གྱི་གྲོགས་སུ་གྱུར།

              སློབ་གཉེར་གྱི་ལམ་ལ་ཆས་དུས། ང་ཚོར་སྣོད་ཀྱི་སྐྱོན་གསུམ་དང་། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་ལ་སོགས་པས་སྒྲིབ་དུས། དགེ་རྒན་ལགས། ཁྱེད་ཉིད་ཀྱིས་ང་ཚོ་ལ་སློབ་མ་སྣོད་རུང་དུ་བྱ་བའི་གདམ་ངག་བསྩལ་བྱུང་། དུས་དེ་ནས་བཟུང་། འོ་སྐོལ་གྱིས་སློབ་ཁྲིད་ལ་ཉན་པའི་དྲི་མ་དེ་དག་སྤངས་ལ་བསམ་པ་དད་གུས་དང་ལྡན་ཞིང་། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་སློབ་ཁྲིད་ལ་འཇུག་མགོ་བརྩམས།

              དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་དགོས་པ་ནི། བ་གླང་མི་ཁྱུ་མི་མཉམ་ལྟ་བུའི་མཛད་རྗེས་དཔག་ཏུ་མེད་པར་བསམ་ཚེ། ང་ཚོས་ཅིས་ཀྱང་དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་དགོས། ནམ་ཡང་དྲན་དགོས། ཇི་སྲིད་བར་དུ་དྲན་དགོས།

             དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་བཀོད་པ་ཡིན་ལ། དགེ་རྒན་གྱི་གཏམ་སྤྱོད་དང་བསམ་སྦྱོར་གྱིས་སློབ་མར་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་འཇོག མི་ཚེ་གང་བོར་རང་ཉིད་ཀྱི་ཡོད་ཚད་སློབ་མར་འབུལ་དུས། ང་ཚོར་ད་གཟོད་ཕ་སེམས་བུ་ཐོག་ལྟ་བུའི་ཚོར་སྣང་སྐྱེས་མེད་དམ། ང་ཚོས་བྱ་ནེ་ལེ་དང་གཞོན་ནུ་ལེ་ལོ་ཅན་དུ་སྒོམ་དུས་དགེ་རྒན་ནི་ནེ་ལེར་བགྲོ་གླེང་བྱེད་མཁན་དང་། གཞོན་ནུ་ལེ་ལོ་ཅན་ལ་སློབ་གསོའི་སྐུལ་ལྕག་གཏོང་མཁན་དེ་མ་ཡིན་ནམ། ང་ཚོ་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཇི་བཞིན་ཕན་ཚུན་བར་ང་རྒྱལ་དང་ཁེངས་དྲེགས། ཕྲག་དོག་སོགས་ཚུལ་མིན་གྱི་ལས་ལ་སྤྱོད་དུས། དགེ་རྒན་ནི་ང་ཚོར་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་མཁན་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་སྩོལ་མཁན་གྱི་ཨ་མ་གཡུ་སྒྲོན་མ་ཡིན་ནམ།

             དགེ་རྒན་ཡོད་པས། ང་ཚོས་ཤེས་རིག་ལ་དོགས་སློང་གི་སྙིང་སྟོབས་བསྐྱེད་མྱངས།

             དགེ་རྒན་ཡོད་པས། ང་ཚོ་ཤེས་རིག་གི་ཐེམ་སྐས་ལ་གོ་རིམ་མ་འཛོལ་བར་འཛེགས།

             དེ་རིང་། ཡོད་ཚད་ཀྱི་ཡོད་ཚད་དགེ་རྒན་ལ་བཀའ་དྲིན་ཞུ་རྒྱུ་ལས་མ་འདས།

              བཀའ་དྲིན་ཆེ། དགེ་རྒན་ལགས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།