ཧུང་ཡོན་རྫོང་གིས་གྲྭ་བཙུན་80གཅིག་སྡུད་གསོ་སྦྱོང་བྱས།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2019-09-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ་9ཚེས་5ཉིན་ནས་ཚེས་6ཉིན་བར། ཧུང་ཡོན་རྫོང་གིས་ཚོགས་འདུའི་ལྟེ་གནས་སུ་རྫོང་ཡོངས་ཀྱི་དགོན་སྡེའི་10ཡི་དགོན་པའི་དོ་དམ་པའི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། དགོན་སྡེའི་ནོར་སྲིད་དོ་དམ་མི་སྣ། དགོན་སྡེའི་བཅའ་ཁྲིམས་ཤེས་མཁན། དགོན་སྡེའི་དྲ་བའི་དོ་དམ་པ་བཅས་ཁྱོན་གྲྭ་བཙུན་80ལྷག་གཅིག་སྡུད་གསོ་སྦྱོང་བྱས་པ་རེད། 

              ཚེས་5ཉིན་གྱི་སྔ་དྲོའི་གསོ་སྦྱོང་འཛིན་གྲྭ་མགོ་ཚུགས་པའི་མཛད་སྒོར་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་འོད་གསལ་གྱིས་ཐེངས་འདིའི་གྲྭ་བཙུན་གཅིག་སྡུད་གསོ་སྦྱོང་དང་སློབ་སྦྱོང་བྱེད་པའི་དམིགས་ཡུལ་གྱི་དོན་སྙིང་དང་བླང་བྱར་དམིགས་ནས་གསུང་བཤད་གནང་བ་རེད། རྫོང་ཨུའི་རྒྱུན། ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཡུང་དྲུང་རིན་ཆེན་དང་། རྨེ་བ་དགོན་གྱི་ཀྲུའུ་རེན་གཅོད་པ་དང་ཁང་དམར་དགོན་གྱི་ཀྲུའུ་རེན་བསོད་ནམས་བསྟན་འཛིན་གྱིས་ཀྲུའུ་ཞི་ཝང་དབྱང་དང་། པུའུ་ཀྲང་ཡིའུ་ཆོན། ཧྲུའུ་ཅི་ཕེང་ཆིང་ཧྭ་བཅས་ཀྱིས་བརྟག་ཞིབ་གནང་སྐབས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། དེ་བཞིན་ཧྲུའུ་ཅི་ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་འབྲེལ་འདྲེས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་དོན་སྐུལ་འདེད་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་སྐུལ་འདེད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད། ཧྲུའུ་ཅི་ལེའོ་མིན་གྱིས་རྫོང་ཡོངས་ཀྱི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པའི་སྐུལ་འདེད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་དང་འབྲེལ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་བྱེད་སྒོའི་སྐོར་བཀོད་སྒྲིག་ཁྱབ་བསྒྲགས་བྱས། 

             ཐེངས་འདིའི་གཅིག་སྡུད་གསོ་སྦྱོང་གིས་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱ་ཆེད། རྫོང་དེས་ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་མཁས་པ་གདན་དྲངས་ནས་ཁྲིམས་སྲོལ་སྲིད་ཇུས་དང་། ཁྲིམས་སྲོལ་སྲིད་ཇུས་ཐད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས》དང་། 《ཆོས་ལུགས་ལས་དོན་སྲོལ་ཡིག》《མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》《བོད་ཀྱི་སྐད་ཡིག་སྲོལ་ཡིག》དེ་བཞིན་དགོན་སྡེའི་བཅའ་ཁྲིམས་ཁ་གསལ་ཤེས་དགོས་ངེས་ཀྱི་བཅའ་ཁྲིམས་རྒྱུན་ཤེས་སྒྲོག་འགྲེལ་བྱས་པ་དང་། དགོན་སྡེའི་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་དང་། རིམས་ནད་སྔོན་འགོག་ཤེས་བྱ་དང་མི་སྒེར་གྱི་བདེ་ཐང་འཕྲོད་བསྟེན་སོགས་འགྲེལ་བཤད་བྱས་པ་རེད། 

                སློབ་སྦྱོང་དང་གསོ་སྦྱོང་སྐབས་དགོན་སྡེ་དོ་དམ་སུའོ་དང་དམངས་གཉེར་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་ཁག་གཅིག་གིས་གཏམ་བཤད་སྤེལ་རེས་བྱས་པ་རེད། དེ་བཞིན་འགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་འཆད་ཁྲིད་བྱས་པ་དང་འབྲེལ་གསོ་སྦྱོང་ནང་ཞུགས་མཁན་གྲྭ་བཙུན་སྒྲིག་འཛུགས་བྱས་ཏེ། ཧུང་ཡོན་རྫོང་བོད་ཡིག་སློབ་འབྲིང་དང་། ཧུང་ཡོན་རྫོང་མི་དམངས་ཁྲིམས་ཁང་། ཀུན་ཕན་མཉམ་ལས་ཁང་བཅས་སུ་ལྟ་སྐོར་སློབ་སྦྱོང་བྱས་པ་རེད། 

             ཐེངས་འདིར་གྲྭ་བཙུན་ཚོས་གཅིག་སྡུད་གསོ་སྦྱོང་བྱས་པ་ནི་རྫོང་དེའི་གྲྭ་བཙུན་གསོ་སྦྱོང་གི་ལོ་རེའི་འཆར་གཞི་གཞིར་བཟུང་མི་རིགས་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན། འཚོ་བ་བདེ་སྐྱིད། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་ཆེད་དུ་གཉེར་བ་ཞིག་རེད། གསོ་སྦྱོང་གི་དུས་ཚོད་ཐུང་རུང་བཀོད་སྒྲིག་ཞིབ་ཚགས་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་གསོ་སྦྱོང་དུ་ནང་ཞུགས་མཁན་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་གསོ་སྦྱོང་གི་དམིགས་ཡུལ་འགྲུབ་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།